བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐབས་ ༧ པའི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་ནས་ལས་འགོ་བཙུགས་གནང་བ།

DSC04161བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་ ༡༢༠ དང་། ༡༢༡ གྲོས་ཚོགས་ཚོགས་དུས་ ༩ པའི་ཐོག་གཞུང་འབྲེལ་གྲོས་ཆོད་ཨང་ ༢༠༡༥།༡༥།༩།༧ དང་། ཡིག་ཆ་ཨང་ ༥༩ པའི་དགོངས་དོན། སྐབས་ ༧ པའི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་དུ་སྤྱི་འཐུས་པདྨ་འབྱུང་གནས་མཆོག་དང་། སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོ་མཆོག སྤྱི་འཐུས་རྒྱ་རིགས་ཐར་མཆོག སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་མཆོག སྤྱི་འཐུས་གངས་ལྷ་མོ་མཆོག་བཅས་ལ་བསྐོ་གཞག་གནང་བ་བཞིན་། ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡ ནས་ཚོགས་ཆུང་གི་ལས་དོན་འགོ་འཛུགས་གནང་སྟེ། ཚོགས་ཆུང་གི་ཚོགས་གཙོར་སྤྱི་འཐུས་པདྨ་འབྱུང་གནས་མཆོག་དང་། ཚོགས་དྲུང་དུ་སྤྱི་འཐུས་རྒྱ་རིགས་ཐར་མཆོག་རྣམ་གཉིས་སོ་སོར་སྤྱི་མོས་ཐུགས་གཏན་འཁེལ་བ་བཅས་ཕྱག་ལས་གནང་བཞིན་ཡོད་པ་དང་། དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་ནས་ཚོགས་ཆུང་གི་གནང་སྒོ་དང་འབྲེལ་བའི་ལམ་སྟོན་གནང་ཡོད་ཅིང་། ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ཐོག་ཚོགས་དྲུང་ལས་ཁུངས་སུ་འབུལ་གནང་རྒྱུ་ཡིན་འདུག