བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

༄༅། །ཁུངས་ལྡན་གྱི་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཤིང་ལུག་ཟླ་ ༢ ཚེས་ ༡༩ ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་༨ རེས་གཟའ་ལྷག་པ་སྟེ་སྐུའི་བླ་གཟའི་ཉིན་གྱི་ཞོགས་པ་དཀར་མཛེས་ཁུལ་ཁམས་བྲག་འགོ་རྫོང་ཏྲེ་ཧོར་བྲག་ཟུར་ཚང། Untitledལྕོག་རི་ངང་སྒང་ཇོ་མོ་དགོན་གྱི་ཕ་ཤེས་རབ་དང། མ་བསོད་ནམས་སྒྲོལ་མ་གཉིས་ཀྱི་བུ་མོ་བཙུན་མ་ཡེ་ཤེས་མཁའ་འགྲོ། རང་ལོ་ ༤༧ དུ་སོན་པ་ཞིག་གིས་དཀར་མཛེས་རྫོང་དགོན་པ་ལ་སྐོར་བ་ཁ་ཤས་བསྐོར་རྗེས། ཞོགས་པ་ཆུ་ཚོད་དགུ་པ་ཡས་མས་ཙམ་ལ་དཀར་མཛེས་སྐུ་འབུམ་ཞབས་ཉེན་རྟོག་ལས་ཁུངས་ཀྱི་ཉེ་འདབས་སུ་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས། ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་སྐད་འབོད་བྱེད་བཞིན་པར་སྐུ་ལུས་མེར་བསྲེགས་བཏང་འདུག ཉེན་རྟོག་པས་མེ་གསོད་ཡོ་བྱད་ཀྱིས་མེ་བསད་དེ་བཙན་ཁྲིད་བྱས་ཡོད་གནས་འདུག མིག་མཐོང་བྱུང་བ་ཁག་གིས་བརྗོད་གསལ་ལྟར་ན་འདས་གྲོངས་ཕྱིན་ཡོད་ཚོད་འདུག་ཀྱང་ད་ལྟ་གསལ་པོ་དེ་ཙམ་མི་འདུག ཕྱི་ཚེས་ ༩ ཉིན་ཁོང་གི་ནང་མི་ཚོ་ཉེན་རྟོག་པས་སྐད་བཏང་ཡོད་གནས་འདུག བཙུན་མ་ཁོང་ནི་ལོ་མང་རིང་རང་དགོན་དུ་བསྙེན་མཚམས་སུ་བསྡད་འདུག་པ་དང། ཉམ་ཆུང་ཚུལ་མཐུན་རྒྱུན་དུ་བོད་དོན་ཐད་དོ་སྣང་ཆེན་པོ་ཡོད་མཁན་ཞིག་རེད་འདུག་པ་དང། ཕྱི་ལོ་ ༢༠༠༨ བོད་ས་ཡོངས་ལ་ས་བྱི་ཞི་རྒོལ་ཆེ་མོའི་སྐབས་ངང་སྒང་ཇོ་མོ་དགོན་གྱི་བཙུན་མ་ཚོས་སྣེ་ཁྲིད་དེ། བྲག་འགོ་ཏྲེ་ཧོར་རུ་རྒྱ་གཞུང་ལ་ཞི་རྒོལ་སྐད་འབོད་ཀྱི་ལས་འགུལ་བྱེད་སྐབས་ཀྱི་ཁྲོད་དུའང་དཔའ་མོ་བཙུན་མ་ཡེ་ཤེས་མཁའ་འགྲོ་ཡོད་འདུག མེར་སྲེག་དོན་རྐྱེན་དེ་བྱུང་བའི་རྗེས་དཀར་མཛེས་ཁྲོམ་གཞུང་དུ་ཉེན་རྟོག་པས་འཇིགས་སྐུལ་དང་དམ་དྲག་སོགས་དམིགས་བསལ་གང་ཡང་མེད་གནས་འདུག

རྒྱལ་གཅེས་དཔའ་མོ་བཙུན་མ་ཡེ་ཤེས་མཁའ་འགྲོ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ་འདི་ནི། ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ནས་བཟུང་བོད་ཆོལ་ཁ་གསུམ་གྱི་ཁྱོན་ནས་རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་ད་བར་ཤེས་རྟོགས་ར་སྤྲོད་གསལ་པོ་བྱུང་བའི་བོད་མི་ ༡༣༧ པ་དང། དེའི་ཁྲོད་འདས་གྲོངས་སུ་ཕྱིན་པ་ ༡༡༧ བྱུང་ཡོད།

དཀར་མཛེས་ཁུལ་གྱི་བྲག་འགོ་རྫོང་དུ་རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་ ༦ པ་དང། དེའི་ཁུལ་ནས་བུད་མེད་རང་ལུས་མེར་བསྲེགས་གནང་མཁན་ ༢ པ་དེ་རེད། གཞན་ཡང་ཕྱི་ལོ་ ༢༠༡༥ ལོར་རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་གཉིས་པ་དེའང་ཆགས་ཀྱི་ཡོད་པ་རེད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ནང་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་བྱུང་རིམ་བཞིན་གསར་འགོད་བསྒྲགས་གཏམ་རྒྱུན་མ་ཆད་པ་སྤེལ་ཏེ་རྒྱ་གཞུང་ལ་དམིགས་བསལ་རེ་འདུན་རིམ་པ་བཞིན་བཏོན་ཡོད་པ་རྣམས་ད་བར་ལག་བསྟར་གང་ཡང་བྱས་མེད་པར་བརྟེན། དེ་སྔོན་དགོས་འདུན་བཏོན་ཟིན་པ་རྣམས་སླར་ཡང་དྲན་སྐུལ་བྱ་རྒྱུ་ཡིན།

ད་ལན་རྒྱལ་གཅེས་དཔའ་མོ་ཡེ་ཤེས་མཁའ་འགྲོ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བ་འདི་དང་བསྟུན་ཞུ་སྐུལ་བྱ་རྒྱུར། བོད་ནང་དུ་རང་ལུས་མེར་སྲེག་དང། ཞི་རྒོལ་འདྲ་མིན་ཡོང་དང་ཡོང་བཞིན་པར་རྒྱ་གཞུང་ནས་འགན་འཁུར་མེད་པའི་འཆལ་གཏམ་དང། གོ་མེད་ཚོར་མེད་དུ་མ་བསྡད་པར་རང་ལུས་མེར་བསྲེགས་ལ་སོགས་པ་མཚམས་མ་ཆད་པར་ཡོང་བཞིན་པའི རྒྱུ་རྐྱེན་ཇི་ཡིན་བློ་གཟུ་བོར་གནས་ཏེ་བསམ་གཞིགས་དང་དོན་དངོས་དཀའ་སེལ་ལག་བསྟར་བྱ་རྒྱུའི་དུས་ལ་བབ་ཡོད། དེ་ལྟར་དོན་དུ་ལག་བསྟར་གནང་ཚེ་དོན་དམ་པའི་ཞི་བདེ་དང་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་བསྐྲུན་རྒྱུའི་འདུན་པ་ཡོད་པ་མཚོན་ཐུབ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༡༠ ལ།། །།