བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཐོག་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་ལ་གཞུང་འབྲེལ་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་བཞག་གནང་བ།

གཞུང་འབྲེལ་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད།
སྔོན་གླེང་།
༄༅། །བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནེན་སི་པི་ལོ་སི་ (Nancy Pelosi) མཆོག་ནི། ཕྱི་ལོ་ ༡༩༤༠ ཟླ་ ༣ ཚེས་ ༢༦ ཉིན་ཨ་རིའི་མངའ་སྡེ་མེ་རི་ལན་ཌི་ (Maryland) གྱི་གྲོང་ཁྱེར་བྷལ་ཊི་མོར་ (Baltimore) དུ་ཡབ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དང་། བྷལ་ཊི་མོར་གྱི་སྤྱི་ཁྱབ་གནང་མྱོང་མཁན་སྐུ་ཞབས་ཐོ་མ་སི་ཌི་ཨེ་ལི་སན་ཌོ་རོ་ (Thomas D’Alesandro) དང་། ཡུམ་ལྕམ་སྐུ་ཨ་ནུ་ཆ་ཊ་ལོམ་བྷར་ཌི་ (Annunciata Lombardi) རྣམ་གཉིས་སུ་སྐུ་འཁྲུངས། ཕྱི་ལོ་ ༡༩༥༨ ལོར་བྷལ་ཊི་མོར་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ནོ་ཊི་རི་ ཌེ་མི་ (Institute of Notre Dame) ཞེས་པ༌ནས་སློབ་མཐར་ཕྱིན་པ་དང༌། ཕྱི་ལོ་ ༡༩༦༢ ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སིར་རྟེན་གཞི་བྱས་པའི་ཊིར་ནི་ཊི་མཐོ་སློབ་ (Trinity College, Washington, DC) ནས་སྲིད་དོན་ཚན་རིག་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན། ཕྱི་ལོ་ ༡༩༦༣ ལོར་སྐུ་ཞབས་པོལ་ པི་ལོ་སི་ (Paul Pelosi) ལགས་དང་ལྷན་འཁྲུངས་ས་བསྐྱོན། ནང་མི་ལྷན་རྒྱས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ལ་གནས་སྤོས་དང་། དེ་རྗེས་ཨ་རིའི་མངའ་སྡེ་ཁ་ལི་ཧྥོར་ན་ཡའི་ (California) གྲོང་ཁྱེར་སན་ཧྥ་རན་སི་སི་ཀོ་ (San Francisco) རུ་གཞིས་སྤོས་གནང་། སྲས་སྲོས་བུ་གཅིག་དང་བུ་མོ་བཞི་ཡོད། ལྕམ་སྐུ་མཆོག་གིས་ཐོག་མར་ཨ་རིའི་མང་གཙོ་ཚོགས་པའི་ནང་དང་བླངས་ཞབས་ཞུ་གནང་བ་དང་། ཕྱི་ལོ་ ༡༩༨༧ ལོར་ཁེ་ལི་ཧྥོ་ན་ཡའི་མངའ་སྡེའི་ཁོངས་ནས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མིར་བདམས་ཐོན་བྱུང་། ཕྱི་ལོ་ ༢༠༠༣ ནས་མང་གཙོ་ཚོགས་པའི་དབུ་འཁྲིད་གནང་ཞིང་། མང་གཙོ་ཚོགས་པའི་དབུ་ཁྲིད་རྒྱུན་རིང་ཤོས་གནང་མཁན་གྱི་གྲས་ཤིག་ཀྱང་ཆགས་ཡོད། ཕྱི་ལོ་ ༢༠༠༧ ལོར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་ཐོག་མར་བདམས་ཐོན་བྱུང་བ་དང་། དེ་རྗེས་ཕྱི་ལོ་ ༢༠༡༩ ལོར་གྲོས་ཚོགས་འོག་མའི་ཚོགས་གཙོར་བསྐྱར་དུ་བདམས་ཐོན་བྱུང་སྟེ་ཚོགས་གཙོའི་ལས་འཁུར་བཞེས་ཡོད། ཁོང་གིས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་གནང་ནས་མི་ལོ་ ༣༥ ལྷག་འགྲོ་བཞིན་ཡོད་པ་མ་ཟད། ཨ་རིའི་ལོ་རྒྱུས་སུ་ད་བར་གྲོས་ཚོགས་ཀྱི་ཚོགས་གཙོ་གནང་མཁན་བུད་མེད་ཐོག་མ་དང་ད་བར་བུད་མེད་ཀྱི་ཚོགས་གཙོ་གནང་མཁན་ཁོང་ལས་བྱུང་མེད། ཁོང་གིས་གྲོས་ཚོགས་ཕྱི་ནང་གཉིས་ཀར་འགན་འཁུར་བཞེས་ཕྱོགས་མང་གཙོ་དང་། རྩ་ཁྲིམས་སྲུང་སྐྱོབ། བྱིས་པའི་ཐོབ་ཐང་། གནམ་གཤིས་དང་ཁོར་ཡུག སྨྲ་བརྗོད་རང་དབང་གི་གླེང་སྟེགས་མེད་པ་བཅས་ཀྱི་མགྲིན་ཚབ་པ་གནང་མཁན་གྲོས་ཚོགས་ཀྱི་འཐུས་མི་ཆེས་སྙན་གྲགས་ཅན་ཞིག་ཡིན་པ་མ་ཟད། ཨ་རིའི་གཞུང་དང་། གྲོས་ཚོགས། མི་མང་བཅས་ལ་ཞབས་ཏོག་མཐའ་འཁྱོངས་ཞུ་མཁན་ཨ་རིའི་ལོ་རྒྱུས་ནང་དབུ་ཁྲིད་གལ་ཆེ་ཞིག་ཆགས་ཡོད། སྔ་ལོ་ཟླ་ ༡༡ པའི་ནང་ལྕམ་སྐུ་མཆོག་ནས་”ངས་མ་འོངས་པའི་གྲོས་ཚོགས་ཀྱི་མང་གཙོ་ཚོགས་པའི་འགོ་ཁྲིད་ལ་ལངས་ཀྱི་མིན། དུས་རྒྱུན་ངས་གུས་བརྩི་ཆེན་པོ་ཞུ་སའི་མང་གཙོ་ཚོགས་པའི་འཐུས་མིའི་འགོ་ཁྲིད་དེ་བཞིན་མི་རབས་གསར་པས་འགན་བཞེས་རྒྱུའི་དུས་ལ་བབ་ཡོད།” ཅེས་སོགས་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་དོན་བཞིན་ད་ཆ་ཚོགས་གཙོའི་ལས་འཁུར་ནས་འཁྱུར་ཏེ་གྲོས་ཚོགས་ཀྱི་འཐུས་མིའི་ཐུགས་འགན་བཞེས་མུས་ཡིན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྕམ་སྐུ་མཆོག་རྣམ་གཉིས་ཕྱི་ལོ་ ༡༩༨༧ ལོར་ཊོམ་ ལན་ཊོས་ (Tom lantos) འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་ཐོག་མར་མཇལ་འཛོམས་བྱུང་སྟེ་བོད་ཀྱི་བདེན་པའི་འཐབ་རྩོད་དང་། ཁོར་ཡུག འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་སྐོར་གསན་བཞེས་གནང་བ་སོགས་མཛའ་བརྩེའི་ཐུགས་འདྲིས་བྱུང་བ་ནས་ད་བར་མི་ལོ་ ༣༠ ལྷག་འགྲོ་བཞིན་པ་དང་། དུས་ཡུན་དེའི་རིང་དབུ་ཁྲིད་རྣམ་གཉིས་མཇལ་འཕྲད་ཐེངས་མང་གནང་མྱོང་ཡོད། དེ་བཞིན་ཁོང་ནི་བོད་དོན་ལ་ཐུགས་སྣང་དང་འགན་འཁུར་ཆེར་བཞེས་ཀྱིས་བོད་ནང་དང་། བཙན་བྱོལ་བོད་མིའི་གནས་སྟངས་ལ་གཟིགས་ཞིབ་ཆེད་སྐུ་ཉིད་དངོས་སུ་ཆེད་ཕེབས་ཀྱིས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་ཡོད། དེ་ཡང་ཕྱི་ལོ་ ༢༠༠༨ ལོར་བོད་མི་ཚོས་ས་བྱི་ཞི་རྒོལ་ཆེན་པོ་བྱས་པར་རྒྱ་གཞུང་གིས་དྲག་གནོན་བྱས་ཏེ་ཛ་དྲག་གི་གནས་སྟངས་སྐབས། བོད་ནང་ཕྱི་ཕྱོགས་ནས་གསར་འགོད་པ་དང་རྟོག་ཞིབ་པ་ཆེད་ཕེབས་གནང་རྒྱུར་རྒྱ་གཞུང་གིས་བཀག་འགོག་ཤུགས་ཆེ་བྱས་པར། ཁོང་གིས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོའི་འགན་བཞེས་ཐོག་སྣེ་ཁྲིད་ཀྱིས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ཚོགས་མི་ལས་གྲུབ་པའི་གྲོས་ཚོགས་ཀྱི་ཚོགས་ཆུང་ཞིག་བཞུགས་སྒར་རྡ་སར་ཕེབས། ༸གོང་ས་མཆོག་ལ་མཇལ་བཅར་དང་། བཙན་བྱོལ་བོད་མིའི་གནས་སྟངས་བཅས་ལ་རྒྱུས་ལོན་གནང་།
དེ་རྗེས་ཕྱི་ལོ་ ༢༠༡༥ ལོར་ཨ་རིའི་གྲོས་ཚོགས་ཀྱི་ཁྲིམས་སྒྲིག་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག་སོགས་དང་ལྷན་དུ་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གི་དབུ་ཁྲིད་དེ་བོད་ནང་དངོས་སུ་ཕེབས་ཏེ་བོད་ཀྱི་རྒྱལ་ས་ལྷ་ལྡན་གཙུག་ལག་ཁང་དང་། ཕོ་བྲང་པོ་ཏ་ལ། སེ་ར་དགོན་པ་སོགས་སུ་ཕེབས་ནས་རྒྱ་གཞུང་གི་དམ་དྲག་འོག་ཡོད་པའི་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་མེད་པའི་གནས་སྟངས་དང་། ཆོས་དད་རང་དབང་། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་རིག་གཞུང་གི་མཛེས་སྡུག་དང་རྒྱ་གཞུང་ནས་བོད་ནང་དུ་ཆབ་སྲིད་ཀྱིས་དབང་བསྒྱུར་བྱེད་བཞིན་པ་བཅས་དངོས་སུ་གཟིགས་ཐུབ་པ་བྱུང་ཡོད། དེ་བཞིན་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༥ པའི་ནང་མང་གཙོ་ཚོགས་པའི་དབུ་འཁྲིད་ཀྱི་འགན་འཁུར་བཞེས་བཞིན་པའི་སྐབས་ཁོང་གིས་དབུ་ཁྲིད་དེ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་ཆུང་ཞིག་བཞུགས་སྒར་རྡ་རམ་ས་ལར་ཕེབས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གྲོས་ཚོགས་དང་བཀའ་ཤག་བཅས་སུ་ཆེད་ཕེབས་མཛད་ཡོད་པ་མ་ཟད། སློབ་གྲྭ་དང་། ཚོགས་སྡེ་ཁག དེ་བཞིན་བལ་ཡུལ་དུ་གནས་སྡོད་བོད་མི་ཚོའི་གནས་སྟངས་ཐོག་དངོས་སུ་གཟིགས་ཞིབ་གནང་ནས་བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་ཡོད་པ་སོགས་ནན་བརྗོད་གནང་ཡོད།
ལྷག་པར་དུ་ཨ་རིའི་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་དང་གྲོས་ཆོད་གྲོས་འཆར་བསྣམས་སྐབས་ཁོང་ནས་ཐུགས་འཁུར་ཆེར་བཞེས་ཀྱིས་སྲིད་དོན་ཚོགས་པ་གཉིས་ཟུང་འབྲེལ་གྱིས་རྒྱབ་སྐྱོར་གནང་བར་བརྟེན། བོད་མིའི་ཆབ་སྲིད་དང་༸གོང་ས་མཆོག་གི་དགོངས་གཞི་རྣམས་ལ་བརྩི་བཀུར་དང་ཆེ་མཐོང་ཆེན་པོ་ཐོབ་ཐུབ་ཡོད། ཕྱི་ལོ་ ༢༠༠༦ ལོའི་༸གོང་ས་སྐུ་ཕྲེང་ ༡༤ པ་ཆེན་པོ་མཆོག་ལ་ཨ་རིའི་གསེར་གྱི་རྟགས་མའི་ཁྲིམས་ཡིག་ (Fourteenth Dalai Lama Congressional Gold Medal Act) གཏན་འབེབས་ཐོག ཨ་རིའི་གྲོས་ཚོགས་ཀྱི་སྙན་གྲགས་ཅན་གྱི་གསེར་གྱི་རྟགས་མ་ (US Congressional Gold Medal) དེ་བཞིན་ཁོང་གིས་གྲོས་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས་བཞིན་པའི་སྐབས་སུ་ཨ་རིའི་སྲིད་འཛིན་ཇོ་ཇི་ཌབ་ལུ་བྷུ་ཤི་ (George W. Bush) མཆོག་བཅས་ནས་ཕྱི་ལོ་ ༢༠༠༧ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ལམ་ཞུས་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༡༨ ལོའི་བོད་ལ་ཕར་འགྲོ་ཚུར་འོང་གི་ཁྲིམས་ཡིག་ (Reciprocal Access to Tibet Act of 2018) དང་། ༢༠༠༢ ལོར་གཏན་འབེབས་བྱས་པའི་བོད་ཀྱི་སྲིད་བྱུས་ཁྲིམས་ཡིག་ལ་བསྐྱར་བཅོས་ཀྱིས་ཕྱི་ལོ་ ༢༠༢༠ ལོའི་བོད་ཀྱི་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ཡིག་ (Tibetan Policy and Support Act of 2020) སོགས། ཨ་རིའི་གྲོས་ཚོགས་ནས་བོད་དོན་དང་འབྲེལ་བའི་ཁྲིམས་ཡིག་དང་། གྲོས་ཆོད་ཁག་རིམ་པས་གཏན་འབེབས་ཐུབ་པ་བྱུང་ཡོད་པའི་བཀའ་དྲིན་ནི་གཞལ་དུ་མེད་པ་དང་། དེ་བཞིན་སྔ་ལོ་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༨ པ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཚོགས་སྐབས་ལྕམ་སྐུ་མཆོག་གྲོས་ཚོགས་ཀྱི་ཚོགས་གཙོ་ཡིན་བཞིན་པའི་སྐབས་ཚོགས་ཆེན་གྱི་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་གལ་ཆེའི་གསུང་བཤད་གནང་བ་སོགས་ནི་བོད་དོན་ལ་རྒྱལ་སྤྱིའི་ནང་ཆེ་མཐོང་དང་བོད་ཀྱི་བདེན་པའི་འཐབ་རྩོད་ལ་གསོན་ཤུགས་ཆེན་པོ་བྱུང་ཡོད། ཁོང་ནི་དུས་དང་རྣམ་པ་ཀུན་དུ་བོད་དོན་ལ་ཞལ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་རྒྱལ་སྤྱིའི་ནང་རླབས་ཆེན་གྱི་བཟང་སྤྱོད་ལྡན་པའི་དབུ་ཁྲིད་ཅིག་ཡིན་པར་བརྟེན། ཁོང་གི་བཀའ་དྲིན་སྙིང་བཅངས་ཐོག་ནས་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་ཅིག་འཇོག་དགོས་པ་གལ་ཆེར་མཐོང་།
གྲོས་ཆོད།
༡ ལྕམ་སྐུ་ནེན་སི་པི་ལོ་སི་ (Nancy Pelosi) མཆོག་ཨ་རིའི་ལོ་རྒྱུས་སུ་གྲོས་ཚོགས་ཀྱི་ཚོགས་གཙོ་གནང་མཁན་བུད་མེད་ཐོག་མ་དང་ད་བར་བུད་མེད་ཀྱི་ཚོགས་གཙོ་གནང་མཁན་ཁོང་ལས་བྱུང་མྱོང་མེད། མང་གཙོ་དང་། རྩ་ཁྲིམས་སྲུང་སྐྱོབ། བྱིས་པའི་ཐོབ་ཐང་། གནམ་གཤིས་དང་ཁོར་ཡུག སྨྲ་བརྗོད་རང་དབང་གི་གླེང་སྟེགས་མེད་པ་བཅས་ཀྱི་མགྲིན་ཚབ་པ་གནང་མཁན་གྲོས་ཚོགས་ཀྱི་འཐུས་མི་སྙན་གྲགས་ཅན་ཞིག་ཡིན་པ་མ་ཟད། ལོ་ངོ་བཅུ་ཕྲག་མང་པོའི་རིང་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་དང་། བོད་ཀྱི་བློས་ཐུབ་ཀྱི་གྲོགས་པོ་རླབས་ཆེན་ཞིག་ཡིན་པར་ངོས་འཛིན་ཞུ་རྒྱུ།
༢ བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་དམར་གཞུང་གིས་བོད་ས་བཙན་བཟུང་བྱས་ཏེ་བོད་ནང་གདུག་རྩུབ་ཆེ་བའི་སྲིད་བྱུས་རིམ་པ་ལག་བསྟར་བྱས་དང་བྱེད་བཞིན་པའི་ཛ་དྲག་གི་གནས་སྟངས་ལ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོའི་ཐུགས་འགན་བཞེས་བཞིན་པའི་སྐབས་ལྷག་བསམ་དང་སྙིང་སྟོབས་ཆེན་པོས་བོད་རྒྱ་ཞི་མོལ་ལམ་ནས་དངོས་ཡོད་དཀའ་ངལ་རྣམས་སེལ་ཏེ་བོད་ནང་ཆོས་དད་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་སོགས་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པར་རྒྱ་གཞུང་ལ་སྐྱོན་བརྗོད་དང་། དམ་དྲག་ཤུགས་ཆེ་བྱེད་བཞིན་པ་རྣམས་མཚམས་འཇོག་དགོས་པའི་གཞེན་བསྐུལ་ཡང་ཡང་གནང་བ་དང་། དེ་བཞིན་ཁོང་གིས་འགན་འཁུར་ཆེ་བཞེས་ཀྱིས་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ནས་རྒྱབ་སྐྱོར་གྱིས་ཨ་རིའི་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་ཁྲིམས་ཡིག་གཏན་འབེབས་བྱུང་བ་ཁག་ནི་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་རེ་བ་དང་སྤོབས་པ་སྦྱིན་པར་མཛད་པའི་ཧ་ཅང་རིན་ཐང་ལྡན་པའི་བྱས་རྗེས་བཞག་ཡོད།
༣ ལྕམ་སྐུ་མཆོག་ནས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་སྔ་ཕྱི་བར་གསུམ་དུ་ཞལ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་གནང་བར་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་བ་དང་སྦྲགས། སླད་མར་ལྕམ་སྐུ་མཆོག་སྐུ་ཁམས་གསལ་ཞིང་སྐུ་ཚེ་རིང་བ། རླབས་ཆེན་གྱི་ཐུགས་འདུན་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཡིད་ཆེས་དང་བཅས་ཐུགས་རྗེ་ཆེ་ཞུའི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས། ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༡༨ ལ།།

གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༥ པའི་ཐོག་བགྲོ་གླེང་ཞིབ་རྒྱས་དང་འབྲེལ་སྤྱི་མོས་ཀྱིས་གཏན་འབེབས་ཞུས། ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༡༨ ལ།།