བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་བོད་དོན་ཞུ་སྐུལ་ཉིན་ལྔ་པར་རྒྱ་གར་དབུས་གཞུང་ཁྲིམས་ཀྱི་བློན་ཆེན་སོགས་དང་ལྷན་མཇལ་འཕྲད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༡༢ པའི་ཚེས་ ༢༧ བོད་དོན་ཞུ་སྐུལ་ཉིན་ལྔ་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་བོད་དོན་ཞུ་སྐུལ་ཚོགས་ཆུང་དང་པོའི་ཚོགས་མི་བོད་མི་མང་སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་དང་།  སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག  སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག འཕགས་བོད་འབྲེལ་མཐུད་ཚོགས་པའི་ལས་བྱེད་ཆོས་ཉིད་ཚེ་རིང་ལགས་དང་།   དེ་བཞིན་ཚོགས་ཆུང་གཉིས་པའི་ཚོགས་མི་བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག སྤྱི་འཐུས་བློ་བཟང་ཐུབ་བསྟན་མཆོག ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་གསལ་སྒྲོན་ལགས་བཅས་ནས་བྷི་ཇེ་པི་སྲིད་དོན་ཚོགས་པའི་ལྡི་ལི་ལས་ཁུངས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་མ་ཧིན་དྷ་ར་ པན་ཊི་ (Shri Mahendra Pandey, Office Secretary, BJP Delhi) མཆོག་དང་། མ་ཧ་ར་ཤི་ཊ་མངའ་སྡེའི་བློན་ཆེན་ཟུར་པ་དང། བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་རྒྱལ་ཡོངས་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཝི་ནུ་དྷི་ ཊའོ་ཌི་(Shri Vinod Tawde, National General Secretary, BJP) མཆོག རྒྱ་གར་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཌི་ ར་ཇ་ (Shri D. Raja, General Secretary, Communist Party of India) མཆོག རྒྱ་གར་ (NCP) སྲིད་དོན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཨེ་སི་ ཨར་ ཁོ་ལི་ (Shri S. R. Kohli, National Secretary) མཆོག  རྒྱ་གར་དབུས་གཞུང་གི་ཁྲིམས་ཀྱི་བློན་ཆེན་སྐུ་ཞབས་ཀི་རེན་རེ་ཇི་ཇུ་ (Shri Kiren Rijiju, Union Minister of Law & Justice) མཆོག་བཅས་དང་ལྷན་རིམ་པས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད་འདུག

བློན་ཆེན་མཆོག་སོགས་མཇལ་འཕྲད་སྐབས། བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཐོག་མར་འཚམས་འདྲིའི་མཇལ་དར་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་དང་། ཨིན་སྐད་ཐོག་ཡོད་པའི་༧གོང་ས་མཆོག་གིས་ལྗགས་རྩོམ་མཛད་པའི་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པའི་ཕྱག་དཔེ་དང་། བོད་དེ་ནམ་ཡང་རྒྱ་ནག་གི་ཆ་ཤས་མ་རེད་ཅེས་པའི་ཕྱག་དཔེ་བཅས་སོ་སོར་ཕུལ་རྗེས། སྤྱི་འཐུས་རྒྱུན་ལས་ངོས་ནས་གཏན་འབེབས་ལྟར་ཞུ་སྐུལ་སྙན་ཞུ་ཕུལ་གནང་འདུག་པ་བཅས། །