བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཡོངས་ཁྱབ་བསྒྲགས་གཏམ།

༄༅། ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༣ ཉིན་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ཞི་བས་བཅིང་འགྲོལ་བཏང་སྟེ་མི་ལོ་ཧྲིལ་པོ་ ༧༠ འཁོར་བའི་དགའ་སྟོན་རྟེན་འབྲེལ་གྱི་ཉིན་མོ་ཡིན་སྐད་ཀྱིས་དུས་དྲན་བརྩི་སྲུང་རྒྱ་ཆེ་བྱེད་བཞིན་པ་དང་བསྟུན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཡོངས་ཁྱབ་ཀྱི་བསྒྲགས་གཏམ་སྤེལ་རྒྱུར།

རྒྱ་ནག་དམར་གཞུང་གིས་བོད་ཞི་བས་བཅིང་འགྲོལ་བཏང་བ་ཡིན་ཞེས་པའི་ཁ་གཡར་ས་ནི། “ཀྲུང་དབྱང་མི་དམངས་སྲིད་གཞུང་དང་། བོད་ཀྱི་ས་གནས་སྲིད་གཞུང་གཉིས་བོད་ཞི་བས་བཅིང་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན།” ཞེས་བསྡུས་ཚིག་ཏུ་(གྲོས་མཐུན་དོན་ཚན་བཅུ་བདུན་)ཟེར་བ་དེ་བཙན་དབང་གིས་བཞག་བཅུག་པ་ནས་དུས་ཚིགས་བཟུང་བ་ཞིག་རེད།

ཡོངས་གྲགས་སུ་ཕྱི་ལོའི་གོང་གི་བརྒྱ་ཕྲག་གཉིས་པའི་ནང་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་དབུ་ཚུགས་ཏེ་དངོས་ཡོད་གནས་སྟངས་དང་། ཁྲིམས་ལུགས་གཉིས་ཀའི་ཐོག་ནས་བོད་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་གནས་བཞིན་པའི་མུར། ༡༩༤༩ ལོར་རྒྱ་ནག་དམར་པོའི་དཔུང་དམག་གིས་བོད་ལ་དྲག་པོའི་བཙན་འཛུལ་བྱེད་འགོ་བཙུགས་ཤིང༌། ༡༩༥༠ ལོར་བོད་ཀྱི་གནས་སྟངས་ཛ་དྲག་གཉན་འཕྲང་ཅན་དུ་གྱུར་པའི་སྐབས་ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་བཅུ་དྲུག་ལས་སོན་མེད་ཀྱང་ཆབ་སྲིད་ཀྱི་འགན་དབང་འབུལ་བཞེས་གནང་དགོས་བྱུང་ཞིང༌། ༡༩༥༡ ལོར་རྒྱ་ནག་དམར་གཞུང་གི་བཙན་འོག་ཏུ་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་འཇོག་དགོས་བྱུང་སྟེ་ལོ་བརྒྱད་ཙམ་རིང་མེས་འཚིག་མེར་གཏུག་གིས་ཞི་མཐུན་མཉམ་གནས་ཡོང་ཐབས་མཛད་ཀྱང་རྒྱ་ནག་གཞུང་གི་དབང་འཛིན་པས་གྲོས་མཐུན་གྱི་དོན་ཚན་ཁག་ལ་རྩིས་མེད་དང་བོད་མིར་དྲག་གནོན་དབང་གིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་བཀའ་ཤག་བཅས་གཡུལ་རྒྱལ་ལྷུན་རྩེ་རྫོང་དུ་བོད་གཞུང་སྤོ་བཤུག་དང་འབྲེལ་གྲོས་མཐུན་དོན་ཚན་བཅུ་བདུན་བཙན་འོག་ཏུ་འཇོག་དགོས་བྱུང་བའི་གསལ་བསྒྲགས་བསྐྱངས་གནང་བ་དང་། དེའི་རྗེས་བཙན་བྱོལ་དུ་ཕེབས་འབྱོར་བྱུང་མ་ཐག་རྒྱ་གར་གྲོང་ཁྱེར་ཏེཛ་པུར་དུ་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༡༩༥༩ ཟླ་ ཚེས་ ༡༨ ཉིན་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེ་ངོས་ལེན་མེད་པའི་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ཡོད་པ་བཅས་ལ་བརྟེན།

༡།གྲོས་མཐུན་དོན་བཅུ་བདུན་ཟེར་བ་དེ་བོད་རྒྱ་གཉིས་མོས་རང་དབང་ཐོག་གྲོས་མཐུན་བྱས་ནས་བཞག་པ་མ་ཡིན་པ་རྒྱ་དམར་གྱི་དྲག་གནོན་བཙན་དབང་སྡིགས་སྐུལ་འོག་བཞག་བཅུག་པ་ཞིག་ཡིན་པས་ཡིག་ཆ་དེར་ཁྲིམས་མཐུན་གྱི་གནས་བབ་རྩ་བ་ནས་མེད་པ་ཞིག་ཏུ་གྱུར་ཡོད།

༢།སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འཁྲིད་པའི་བོད་གཞུང་མང་གཉིས་ནས་མི་ལོ་བརྒྱད་ཙམ་རིང་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་རྒྱ་དམར་དང་ལྷན་ཞི་མཐུན་མཉམ་གནས་ཡོང་ཐབས་གནང་ཀྱང་རྒྱ་གཞུང་གི་དབང་འཛིན་པ་ཚོས་གྲོས་མཐུན་གྱི་དོན་ཚན་ཁག་རྩིས་མེད་བརྡལ་བཤིག་བཏང་ཡོད་པས་ཕྱོགས་གཅིག་ནས་ལག་ལེན་འཁེལ་ཐབས་བྱ་རྒྱུའི་ཆ་རྐྱེན་ལྡན་མེད་པར་བརྟེན་བོད་ཕྱོགས་ནས་ཀྱང་གྲོས་མཐུན་དེར་ངོས་ལེན་མེད་པའི་གསལ་བསྒྲགས་ཟིན་པ་ལྟར་ད་ལྟ་གཞི་མེད་དུ་གྱུར་ཡོད།

༣།རྒྱ་གཞུང་གི་དབང་འཛིན་པ་ཚོས་ད་དུང་ཡང་གྲོས་མཐུན་གྱི་མིང་བྱང་འཕྱར་ནས་བོད་ཞི་བས་བཅིང་འགྲོལ་བཏང་སྟེ་མི་ལོ་ ༧༠ འཁོར་ཡོད་ཟེར་བ་ནི་རྩ་བ་ནས་བདེན་པ་མིན་པ་སྟེ། གྲོས་མཐུན་ཟེར་བ་དེ་བཞག་ཟིན་པའི་རྗེས་སུ་རྒྱ་དམག་དྲག་དཔུང་གིས་རིམ་བཞིན་བོད་ས་ཡོངས་རྫོགས་སུ་དྲག་གནོན་དམག་འཐབ་བྱས་ཏེ་བཙན་བཟུང་བྱས་པ་ཞིག་དང་། བོད་མི་ས་ཡ་གཅིག་ལྷག་གི་ཚེ་སྲོག་ཕྲོགས་པ། འཛིན་བཟུང་བཙོན་འཇུག་དང་རྡུང་རྡེག་མནར་གཅོད་ཚད་ལས་འདས་པ་བཏང་སྟེ་ཆེས་ཡ་ང་བའི་གནས་སུ་གྱུར་དང་འགྱུར་བཞིན་ཡོད་པས་བོད་ཞི་བས་བཅིང་འགྲོལ་བཏང་བ་མིན་པ་བོད་ལ་དྲག་པོའི་བཙན་འཛུལ་བྱས་པ་ཞིག་ཆགས་ཡོད། ཕྱི་ཟླ་ ༥ ཚེས་ ༢༣ ཉིན་རྒྱ་དམར་དབུས་སའི་གཞུང་གིས་བོད་ལ་ཞི་བས་བཅིང་འགྲོལ་བཏང་བའི་ཉིན་མོ་ཡིན་ཟེར་བ་དེར་ངོས་ལེན་ན་ཡང་བྱ་ཐབས་མེད་པ་དང་། དེ་བཞིན་བོད་ཀྱི་བདེན་དོན་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མཁན་འཛམ་གླིང་ཤར་ནུབ་ཀྱི་སྲིད་གཞུང་ཁག་གིས་ཀྱང་ངོས་ལེན་མེད། ཉིན་མོ་འདི་ནི་བོད་མི་ཡོངས་ལ་བོད་ཀྱི་ཆོས་དང་རིག་གཞུང་ཁོར་ཡུག་དང་བཅས་པ་རྩ་མེད་བཏང་བའི་མུན་ནག་གི་ཉིན་མོ་ཞིག་ཏུ་ངོས་འཛིན་བྱེད་བཞིན་པའི་ཡོངས་ཁྱབ་བསྒྲགས་གཏམ་དུ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༣ ལ།།