བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གལ་ཆེའི་ཞུ་སྐུལ།

༄༅། །ཕྱི་ལོ་ ༡༩༩༥ ལོའི་ཟླ་ ༥ ཚེས་ ༡༧ ཉིན་རྒྱ་ནག་དམར་གཞུང་གིས་པཎ་ཆེན་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་དང་། ཡབ་ཡུམ་སྐུ་འཁོར་བཅས་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ཧྲིལ་པོ་ ༢༦ འཁོར་གྱི་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཟུ་བོར་གནས་པའི་རྒྱལ་སྤྱིའི་གཞུང་དང་གྲོས་ཚོགས། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་བཅས་ལ་གལ་ཆེའི་ཞུ་སྐུལ་འབུལ་རྒྱུར།

དེ་ཡང་བོད་གངས་ཅན་པའི་མགོན་སྐྱབས་ཉི་མ་ལྟ་བུ་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་། ཟླ་བ་ལྟ་བུ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་བར་ཕན་ཚུན་བླ་སློབ་དམ་ཚིག་ཟབ་ཅིང་། སྔ་ཕྱིའི་ཡང་སྲིད་ངོས་འཛིན་གནང་རེས་ཀྱིས་མཚོན་ཆོས་སྲིད་ཀྱི་མཛད་ཁུར་མཉམ་བཞེས་གནང་སྟེ་བོད་ས་ཡོངས་རྫོགས་རྒྱ་ནག་དམར་གཞུང་གི་དྲག་པོའི་དབང་འོག་ཏུ་མ་ཚུད་བར་མི་ལོ་བརྒྱ་ཕྲག་མང་པོའི་རིང་བོད་མི་ཡོངས་ཀྱི་གཙུག་རྒྱན་དུ་གྱུར་ཡོད།

རྒྱ་ནག་དམར་པོའི་གཞུང་གིས་བོད་ས་ཡོངས་རྫོགས་དབང་བསྒྱུར་རྗེས་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཏེ་བོད་བསྟན་སྲིད་མི་རིགས་ཆེད་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་བསྐྱངས་དང་སྐྱོང་མུས་དང་། ལྷག་པར་དུ་འཛམ་གླིང་ན་ཡོངས་སུ་གྲགས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་སོགས་བཞེས་གནང་གིས་འཇིག་རྟེན་སྐྱེ་འགྲོ་སྤྱི་ཡི་ཕན་བདེའི་ཆེད་ཐུགས་བསྐྱེད་དམ་བཅའ་བཞི་ཡི་རླབས་ཆེན་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པ་དང་།

པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་རྒྱ་ནག་དམར་གཞུང་གི་དབང་འོག་ཏུ་བཞུགས་དགོས་གྱུར་སྐབས། རྒྱ་གཞུང་གིས་དྲག་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་འོག བོད་མི་རིགས་དང་། ཆོས་དང་རིག་གཞུང་། སྣོད་བཅུད་བཅས་ལ་བཙན་དབང་གིས་བསམ་ཡུལ་ལས་འདས་པའི་རྩ་མེད་ཇི་ལྟར་གཏོང་བཞིན་པའི་སྐོར་འཁོད་པའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཁོང་གིས་དཔའ་ངར་ཞུམ་པ་མེད་པའི་ཐོག རྒྱ་ནག་གི་སྲིད་བློན་ལ་གནང་བ་དང་། དེ་རྗེས་གསར་བརྗེའི་ངོ་ལོག་པ་དང་། གྲལ་རིམ་འཐབ་རྩོད་ཀྱི་མིང་འདོགས་འོག་མི་ལོ་དགུ་ལྷག་རིང་རྒྱ་ནག་གི་བཙོན་འོག་ཏུ་སྐུ་ངལ་ཚད་ལས་འདས་པ་མྱངས་དགོས་བྱུང་ཡོད། མཐར་བཙོན་གྲོལ་ཐོབ་རྗེས་བོད་ས་སྟོད་སྨད་གང་སར་ཆེད་ཕེབས་དང་། ལྷ་ལྡན་སྨོན་ལམ་ཆེན་མོས་གཙོས་ཆོས་ཀྱི་མཛད་སྒོ་གལ་ཆེ་ཁག་བསྐྱར་གསོ། གཞན་ཡང་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག སྣོད་བཅུད་ཁོར་ཡུག བསྟན་འགྲོའི་བདེ་ཐབས་བཅས་ཉམས་གསོ་གནང་སྟེ་རླབས་ཆེན་གྱི་མཛད་འཕྲིན་བླ་ལྷག་ཏུ་རྒྱས་བཞིན་པའི་མུར་ ༡༩༨༩ ལོའི་ཟླ་ ༡ ཚེས་ ༢༨ ཉིན་གློ་བུར་དུ་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད།

དེ་རྗེས་གཞིས་བཞུགས་གདན་ས་བཀྲ་ཤིས་ལྷུན་པོའི་ལས་སྣེ་ཁག་གི་གསོལ་འདེབས་སྙན་འབུལ་དང་། སྲོལ་རྒྱུན་རྒྱལ་བ་དང་པཎ་ཆེན་རྣམ་གཉིས་ཀྱི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཀྱི་ལམ་ལུགས་གཞིར་བཟུང་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ ༡༩༩༥ ལོའི་ཟླ་ ༥ ཚེས་ ༡༤ ཉིན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་ངོས་འཛིན་གྱིས་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་ཞེས་སུ་མཚན་གསོལ་གྱི་མཛད་སྒོ་ཚུགས་གནང་གིས་འཛམ་གླིང་ཡོངས་ཁྱབ་ཏུ་གསལ་བསྒྲགས་གནང་བ་ལྟར་གཞིས་བྱེས་བོད་མི་རྣམས་ཀྱིས་དད་འདུན་དང་གུས་བཀུར་ཚད་མེད་ཞུས་ཡོད། དེ་ནས་ཉིན་གསུམ་གྱི་རྗེས་ཏེ་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་རྒྱ་ནག་དམར་གཞུང་གིས་ཡང་སྲིད་རིན་པོ་ཆེ་མཆོག་དང་། ཁོང་གི་ཡབ་ཡུམ། ཡང་སྲིད་བརྩད་འཚོལ་འགན་ཁུར་བ་བྱ་བྲལ་རིན་པོ་ཆེ་བཅས་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ནས་ད་བར་མི་ལོ་ ༢༦ ཧྲིལ་པོར་འཁོར་ཡོད་པ་དང་། རྒྱ་གཞུང་ནས་ཆབ་སྲིད་ཀྱི་དགོས་མཁོ་ཁོ་ནར་དམིགས་ཏེ་རྒྱལ་མཚན་ནོར་བུ་ཞེས་པའི་ཁྱེའུ་ཞིག་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཡིན་ཚུལ་གྱིས་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་ཞེས་པ་བཏགས་ཏེ་བེད་སྤྱོད་བྱེད་བཞིན་ཡོད་ཀྱང་། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གདུལ་བྱ་བོད་རྒྱ་ཆེའི་མང་ཚོགས་ནས་གུས་བཀུར་དང་ངོས་ལེན་བྱེད་ཀྱི་མེད།

པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་ཡང་སྲིད་འཁྲུལ་མེད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་བཙན་ཁྲིད་བྱས་ཏེ་མི་ལོ་ ༢༦ ཕྱིན་པའི་རིང་རྒྱལ་སྤྱིའི་ནང་གི་གཞུང་དང་གྲོས་ཚོགས། འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་ཁག་དུ་མ་ནས་རྒྱུན་མ་ཆད་པར་འགན་ཁུར་བཞེས་གནང་གིས་སྙན་ཐོ་རིམ་པར་བཏོན་པ་དང་། རྒྱ་གཞུང་ལ་ཐད་ཀར་རེ་འདུན་བཏོན་པ། སྐབས་བསྟུན་གྱི་ལས་འགུལ་ལ་མཉམ་ཞུགས་གནང་བ་སོགས་རེ་རེ་བཞིན་སྨོས་མ་དགོས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སླར་ཡང་གཤམ་གསལ་གྱི་གལ་ཆེའི་དོན་གནད་ཁག་ལ་ནན་སྐུལ་ཞུ་རྒྱུ།

༡༽དེང་རབས་ཚན་རྩལ་འཕྲུལ་རིགས་ཀྱི་དངོས་པོ་ཡར་རྒྱས་ཕྱིན་ཏེ་ས་ཡི་གོ་ལ་འདིའི་ཐོག་གི་གནས་བབ་ཕལ་ཆེར་གར་ཡོད་གར་གནས་སྐོར་ཕན་ཚུན་ངོས་འཛིན་ཐུབ་པའི་ཚད་དུ་སླེབས་ཡོད་ནའང་། འགྲོ་བ་མི་ཡི་གཟུགས་སུ་གྲུབ་པ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་གི་གནས་བབ་ཙམ་ཡང་ཤེས་མི་ཐུབ་པར་མི་ལོ་ ༢༦ ཕྱིན་པ་འདི་ནི། རྒྱ་ནག་དམར་གཞུང་ནི་སྦས་སྐུང་གི་གཡོ་སྒྱུ་ལ་ཆེས་བྱང་ཆུབ་པའམ། ཡང་ན་པཎ་ཆེན་རིན་པོ་ཆེ་མཆོག་སྐུ་འཚོ་བཞུགས་མེད་པ་བཟོས་ཚར་བའི་གནས་སྟངས་གང་རུང་ལས་མ་འདས་པས་འབྲེལ་ཡོད་ཁག་ནས་པཎ་ཆེན་རིན་པོ་ཆེ་མཆོག་ཞལ་བཞུགས་ཡོད་མེད་སྐོར་ཡིད་ཆེས་འཕེར་བའི་བརྩད་གཅོད་གནང་ཐབས་ཀྱི་རོགས་མགོན་སྐྱབས་འཇུག་ཡོང་བ་ཞུ།

༢༽པཎ་ཆེན་རིན་པོ་ཆེ་མཆོག་མི་ལོ་ ༢༦ རིང་གར་སོང་ཆ་མེད་དུ་སོང་བ་འདི་ནི་ལོ་རྒྱུས་ཐོག་བྱུང་མ་མྱོང་བ་ལྟ་བུ་ཞིག་ཡིན་པས་འཛམ་གླིང་ལོ་རྒྱུས་ཀྱི་ཟིན་ཐོའི་ནང་འགོད་དགོས་པ་ཞིག་ཆགས་ཡོད་པས་དེ་ལུགས་མཐུན་འགྱུར་གནང་ཐབས་ཡོང་བ་ཞུ།

༣༽གཞིས་བྱེས་བོད་མི་ཡོངས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་གནང་བའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་ལས་རྒྱ་ནག་དམར་གཞུང་གིས་ཆེད་དུ་བསྐོས་པའི་རྒྱལ་མཚན་ནོར་བུར་དད་གུས་དང་བརྩི་བཀུར་བྱེད་ཀྱི་མེད་པ་ལྟར། རྒྱ་ནག་དམར་གཞུང་དང་འབྲེལ་ལམ་གནང་སྐབས་དེ་ལུགས་གོ་བརྡ་འཕྲོད་ངེས་གནང་རོགས་ཞུ།

༤༽ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་རྒྱ་གཞུང་གིས་བཙོན་འཇུག་བྱས་པ་ནས་བཟུང་། ཨ་རི་དང་། རྗར་མི་ནི། ཨིན་ཡུལ་སོགས་ཀྱིས་གཙོས་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་རྒྱལ་ཁབ་མང་དག་ཅིག་གི་དབུ་ཁྲིད་རྣམ་པས། རྒྱ་གཞུང་ལ་ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་སྐུ་འཚོ་བཞུགས་ཡོད་མེད་ཀྱི་གནས་ཚུལ་གསལ་སྟོན་དགོས་པའི་དགོས་འདུན་བཏོན་གནང་ཡོད་ནའང་། རྒྱ་གཞུང་གིས་དབུ་སྐོར་རྫུན་གཏམ་འབའ་ཞིག་ལ་བརྟེན་ནས་གཡོལ་ཐབས་བྱས་ཡོད། དེ་བཞིན་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་སྔ་རྗེས་དང་། འཛམ་གླིང་གི་རྒྱལ་ཁབ་མང་དག་ཅིག་གི་གྲོས་ཚོགས་ནང་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་འཕྲལ་དུ་གློད་གྲོལ་དགོས་པའི་གྲོས་ཆོད་བཞག་ཡོད་པས། རྒྱབ་སྐྱོར་གནང་མཁན་གཞུང་སྒེར་ཡོངས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཞིས་བྱེས་བོད་མི་ཡོངས་ཀྱིས་ཚབ་ཞུས་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་། མ་འོངས་པར་ཀུན་གཟིགས་པཎ་ཆེན་རིན་པོ་མཆོག་གློད་གྲོལ་མ་བྱུང་གི་བར་སྔར་བཞིན་རྒྱ་དམར་གཞུང་ལ་དགོས་འདུན་དང་སྐུལ་ལྕག་ངེས་གནང་ཡོང་བའི་འབོད་སྐུལ་ཡང་ཞུ་བཞིན་ཡོད།

༥༽བོད་མི་ཡོངས་ཀྱི་རེ་འདུན་ཉག་གཅིག་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་རྒྱ་གཞུང་གི་བཙན་གནོན་འོག་ནས་ཐར་ཏེ་ཞལ་མཇལ་གསུང་ཐོས་ཐོག་གདན་ས་བཀྲ་ཤིས་ལྷུན་པོར་སྐུ་གོང་མའི་གསེར་ཁྲིར་༸ཞབས་སོར་འཁོད་རྒྱུ་དེ་ཡིན་པ་ལྟར། དེ་འདྲའི་སྐལ་བཟང་གི་ཉི་མ་གང་མགྱོགས་འཆར་ཐུབ་པའི་ཆེད་རོགས་མགོན་སྐྱབས་འཇུག་ལྷོད་ཡེངས་མེད་པར་གནང་རོགས་ཞུ་རྒྱུ་བཅས།

       བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༡༧ ལ།།