བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཨ་རིའི་གྲོས་ཚོགས་འཐུས་མི་མཇལ་འཕྲད་དང་བོད་དོན་ཞུ་སྐུལ་གནང་བ།

༄༅། །བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག་བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་གིས་སྣེ་ཁྲིད་པའི་ཐོག སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་བཅས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༨ ཉིན་གྱི་སྔ་དྲོ་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས (Jim McGovern) མཆོག་མཇལ་འཕྲད་དང་། དེ་རྗེས་གྲོས་ཚོགས་ཁང་དུ་གཟིགས་སྐོར། ཉིན་རྒྱབ་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ (Sensenbrenner) མཆོག་གི་ལས་བྱེད་གཙོ་འཛིན་ (Matt Bisenius) དང་ཁྲིམས་བཟོའི་ལས་རོགས་ (Erik Kinney) གཉིས་བཅས་མཇལ་འཕྲད་ཞུས་ཏེ་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་སྙན་གསན་དང་། ཨ་རིའི་གཞུང་མང་ནས་བོད་དོན་ཐོག་ད་བར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། མ་འོངས་པར་མུ་མཐུད་རྒྱབ་སྐྱོར་ཡོང་ཐབས་སྐོར་སོགས་གོ་བསྡུར་སྦྱངས་བཤད་མཐིལ་ཕྱིན་ཞུས། ཕྱི་དྲོ་ཨ་རིའི་མང་གཙོ་བསྟི་གནས་ཁང་ (National Democratic Institute) ས་གནས་འགན་འཛིན་གཞོན་པ་ལྕམ་སྐུ་ (Sneha Moktan) མཆོག་དང་ཨེ་ཤི་ཡའི་ལས་འཆར་འགན་འཛིན་ལྕམ་སྐུ་ (Raissa Tatad-Hazell) མཆོག་སོགས་མཇལ་འཕྲད་གནང་སྟེ། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དྲི་བ་དྲིས་ལན་དང་། དགོང་མོ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དུ་གཟིགས་སྐོར་དང་བོད་དོན་ལས་འགུལ་སྤེལ་ཕྱོགས་སྐོར་སོགས་བསམ་ཚུལ་བརྗེ་རེས་གནང་བ་བཅས། །