བོད་མི་མང་སྤྱི་འཐུས་རྒྱུན་ལས་འཕོ་ལེན་གནང་བ།

༄༅། །སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ལོ་དུས་གཉིས་པའི་སྐབས་སྤྱི་འཐུས་རྒྱུན་ལས་གསུམ་གསར་དུ་ཕེབས་པ་ལས་གཞན་རྣམས་མུ་མཐུད་བཞུགས་ཡོད། དེ་ཡང་བོད་མི་མང་དབུས་གཙང་སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་དང་། བོད་མི་མང་མདོ་སྨད་སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག བོད་མི་མང་མདོ་སྨད་སྤྱི་འཐུས་བློ་བཟང་ཐུབ་བསྟན་མཆོག་བཅས་ཕེབས་གནང་ཡོད།

དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་སྤྱི་འཐུས་རྒྱུན་ལས་རྣམ་པ་ལྷན་འཛོམས་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྒྱུན་ལས་གསར་པ་ཕེབས་པར་འཚམས་འདྲི་དང་སྦྲགས། ཁྲིམས་སྒྲིག་ནང་གསལ་བ་ལྟར། རྒྱུན་ལས་ཀྱི་ལས་དོན་རྣམས་གལ་ཆེན་པོ་ཆགས་བསྡད་ཀྱི་ཡོད། གྲོས་ཚོགས་ཀྱི་ལས་དོན་དང་། དེ་བཞིན་འཛིན་སྐྱོང་དང་འབྲེལ་བའི་ལས་དོན་བྱེད་ཕྱོགས་རེད། སྤྱི་ཚོགས་དང་འབྲེལ་བའི་ལས་དོན་བྱེད་ཕྱོགས་བཅས་ཚང་མ་དང་འབྲེལ་བ་ཆགས་བསྡད་དུས་སོ་སོའི་རྣམ་དཔྱོད་གང་ཡོད་བཏོན་ནས་གྲུབ་འབྲས་དང་ལྡན་པ་ཞིག་ཡོང་རྒྱུར་ཚང་མས་ནུས་པ་མཉམ་སྤུངས་གནང་ཐུབ་དགོས་པ་གལ་ཆེན་པོ་རེད་ཅེས་གསུངས་གནང་བ་དང་། དེ་རྗེས་སྤྱི་འཐུས་རྒྱུན་ལས་རྣམ་པ་སྡེ་ཚན་གསུམ་ལ་ཆ་བགོས་གནང་བ་སྙན་གསེང་ཞུས་གནང་སོང་།

དེ་ཡང་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་གི་སྒྲིག་གཞི་དོན་ཚན་དྲུག་པ། རྒྱུན་ལས་ཀྱི་སྡེ་ཚན་ཞེས་པའི་འོག་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༩ ནས་ ༢༠༢༣ ཟླ་ ༡༠ ཚེས་ ༨ བར་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་ཆུང་ལོ་དུས་གཉིས་པའི་ནང་སྡེ་ཚན་གསུམ་ལ་སྤྱི་འཐུས་མི་འགྲོ་ཆ་བགོས་གནང་བར། རྒྱུན་འབྲེལ་སྡེ་ཚན་དུ་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་དང་། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག ཆབ་སྲིད་སྡེ་ཚན་དུ་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག དེ་བཞིན་འཛིན་སྐྱོང་རྟོག་ཞིབ་སྡེ་ཚན་དུ་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག་དང་། སྤྱི་འཐུས་བློ་བཟང་ཐུབ་བསྟན་མཆོག་བཅས་ལ་ཐུགས་གཏན་ཁེལ་གནང་ཡོད་པ་བཅས། །