བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་ས་གནས་འཐུས་ཚོགས་ཞིབ་འཇུག་ཚོགས་ཆུང་གི་ལས་དོན་འགོ་འཛུགས།

སྤྱི་འཐུས་རྒྱུན་ལས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་རྒྱ་བལ་འབྲུག་གསུམ་དུ་ས་གནས་འཐུས་ཚོགས་སྤྱི་ཡོངས་ཀྱི་གནས་སྟངས་དང་། འོས་བསྡུ་བྱེད་སྟངས། ས་གནས་འཐུས་ཚོགས་འཛུགས་མ་ཐུབ་པའི་རྒྱུ་མཚན་སོགས་ཞིབ་འཇུག་ཚོགས་ཆུང་ཞིག་འཛུགས་དགོས་པའི་ཐག་གཅོད་བྱུང་དོན་ལྟར།  ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༥ ཉིན་དཔལ་ལྡན་ཚོགས་གཙོ་སྦྲེལ་པོས་ཚོགས་ཆུང་གི་མི་འགྲོར་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་དང་། སྤྱི་འཐུས་ཨ་ཀྲུག་ཚེ་བརྟན། སྤྱི་འཐུས་རྨོག་རུ་བསྟན་པ་བཅས་ལ་བསྐོ་འཛུགས་གནང་སྟེ། ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡ འགྱངས་མེད་ཚོགས་དྲུང་ལས་ཁུངས་སུ་འབུལ་དགོས་པའི་བཀོད་ཁྱབ་གནང་ཡོད་པ་བཞིན། ཚོགས་ཆུང་གི་ཚོགས་མི་རྣམས་ལྷན་འཛོམས་ཀྱིས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོར་ལམ་སྟོན་ཞུས་པ་དང་འབྲེལ་ལས་དོན་དབུ་འཛུགས་གནང་ཡོད།

 

ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ནས་ངོ་སྤྲོད་གནང་བ་ལྟར་ན། ཚོགས་ཆུང་གི་ལས་རིམ་ཐོག་མར། ས་འཐུས་ཁག་གི་སྤྱི་ཡོངས་གནས་སྟངས་རྒྱུས་ལོན་ཆེད། ས་གནས་འགོ་འཛིན་ཁག་འོས་བསྡུའི་འགན་འཛིན་གཅིག་ལྕོགས་ཡིན་པའི་ཆ་ནས་འབྲེལ་ཡོད་ས་གནས་འཐུས་ཚོགས་དང་ས་གནས་ཀྱི་གནས་སྟངས་ཁག་ལ་རྒྱུས་མངའ་ཆེ་བ་ཡོད་སྟབས། ཚོགས་ཆུང་ནས་ཐད་ཀར་ས་གནས་འགོ་འཛིན་ཁག་ལ་འབྲེལ་བ་བྱེད་རྒྱུ་ཐག་གཅོད་གནང་སྟེ། ཕྱི་ཚེས་ ༨ ཉིན་ས་གནས་སོ་སོར་ཡོངས་ཁྱབ་བརྡ་ཐོ་བཏང་ཡོད་པ་དང་། བརྡ་ཐོ་དེའི་ནང་། ས་གནས་འགོ་འཛིན་ཁག་གིས་འབྲེལ་ཡོད་ས་གནས་འཐུས་ཚོགས་སོགས་དང་གོ་བསྡུར་གྱིས་གཤམ་གསལ་དོན་གནད་ཁག་ལ་ལན་གསལ་ཕྱི་ལོ་ ༢༠༡༢།༢།༦ འགྱངས་མེད་ཚོགས་དྲུང་ལས་ཁུངས་སུ་གློག་འཕྲིན་ནམ། མྱུར་འཕྲིན། སྦྲག་ཁང་གང་རུང་བརྒྱུད་འབུལ་གཏོང་དགོས་པའི་བཀོད་ཁྱབ་གནང་འདུག

ཚོགས་ཆུང་གི་དྲི་བར་ས་གནས་ཁག་ནས་ལན་འདེབས་དགོས་པའི་དོན་གནད་གཤམ་གསལ།

༡༽    ཉིད་ཀྱི་ས་གནས་སུ་ས་གནས་འཐུས་ཚོཌ་བཙུགས་ཡོད་ཚེ་འོས་བསྡུ་བྱེད་སྟངས་དང་། ས་འཐུས་ཀྱི་གྲངས་ཚད་ཇི་ཡོད།

༢༽    ས་གནས་འཐུས་ཚོགས་བཙུགས་མེད་ཚེ་རྒྱུ་མཚན་ཇི་ཆགས་དང་། གསར་འཛུགས་ཐད་དཀའ་ངལ་ཇི་འཕྲད།

༣༽   ས་གནས་འགོ་འཛིན་གཅིག་གི་ཁྱབ་འོག་ས་གནས་འཐུས་ཚོགས་གཅིག་ལས་མང་བ་ཡོད་མེད་དང་། ཡོད་ན་རྒྱུ་མཚན་དང་ས་འཐུས་གྲངས་ཚད་ཇི་ཡོད།

༤༽   བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་དོན་བརྒྱད་པའི་གནང་གསེས་ ༢ པའི་ཁ་པ་ལྟར་ལག་བསྟར་ཡོད་མེད་དང་། མེད་ཚེ་ལག་བསྟར་བྱས་མེད་པའི་རྒྱུ་མཚན་ཇི་ཆགས།

༥༽    ལ་དྭགས་ལ་བྱང་ས་ཁག་དགུ་ལ་དམིགས་བསལ་ས་འཐུས་རེ་དམིགས་འཛུགས་འོས་བསྡུ་བྱས་སྟངས་ཡོད་པ་ལྟར། ཉིད་ཀྱི་ས་ཁུལ་དུ་དེ་ལྟར་ལག་བསྟར་བྱས་ཡོད་མེད་དང་། ཁ་འཐོར་ས་ཁུལ་གཞན་ཁག་ཏུའང་དེ་ལྟར་ལག་བསྟར་བྱས་ན་དགེ་མཚན་ཡོད་མེད།

༦༽   ད་ལྟའི་ཁྲིམས་སྒྲིག་དགོངས་དོན་འོག་འོས་བསྡུ་བྱས་པའི་ས་གནས་འཐུས་ཚོགས་ཁག་ཡར་རྒྱས་དང་ལེགས་བཅོས་གཏོང་ཕྱོགས་སྐོར་དགོངས་འཆར་གང་ཡོད་བཅས།