
༄༅། ། བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་། སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢༣ ནས་ ༢༦ བར་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་མའི་སོར་དང་། སྦེང་ལོར་ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་ཀྱི་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་བྱུང་ཡོད།

དེ་ཡང་སྤྱི་འཐུས་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༠༠ པ་ནས་སྦེང་ལོར་ལྷོ་སྤྱི་ལས་ཁུངས་དང་། སྦེང་ལོར་བོད་ཁྱིམ་སྡོད་ཁང་ཀྱི་ལས་ཁུངས་དང་དཔེ་མཛོད། བུ་དང་བུ་མོའི་སྡོད་ཁང་བཅས་སུ་གཟིགས་སྐོར་དང་གནས་སྟངས་རྒྱུས་ལོན་གནང་བ་དང་། དེ་ནས་རིམ་བཞིན་སྦེང་ལོར་ཀོ་ར་མངྒ་ལ་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དང་། སྦེང་ལོར་མ་ཧ་ལཀཤ་མི་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་བཅས་སུ་ཕེབས་སྐབས། སྨན་ཁང་གི་འགན་འཛིན་དང་ལས་བྱེད་རྣམས་ནས་ཕེབས་བསུ་སྣེ་ལེན་དང་སྦྲགས། འགན་འཛིན་དང་ལས་བྱེད་ལྷན་སྨན་ཁང་གི་གནས་སྟངས་ཐོག་བགྲོ་གླེང་ལྷུག་པོ་བྱུང་རྗེས།

ཕྱི་དྲོ་ཆུ་ཚོད་ ༦།༣༠ ཙམ་ལ་སྦེང་ལོར་བོད་ཁྱིམ་སྡོད་ཁང་གི་ཚོགས་ཁང་དུ་སློབ་ཕྲུག་དང་། ཚོགས་སྡེ་ཁག་གི་སྐུ་ཚབ། མི་མང་བཅས་ལྷན་འཛོམས་ཐོག་སྤྱི་འཐུས་རྣམ་གཉིས་ནས་ཉེ་ཆར་ཨ་རིའི་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་རྒྱས་གཅེས་པ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་པའི་དམ་པ་ཁོང་གི་ཞལ་ཆེམས་སྐར་མ་དྲུག་ཅན་གྱི་སྐོར་སོགས་གསུང་བཤད་དང་། ཚོགས་བཅར་བའི་དྲི་བར་ལན་འདེབས་གསལ་བཤད་མཐིལ་ཕྱིན་གནང་ཡོད་འདུག

ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོ་བོད་མི་མང་སྤྱི་འཐུས་རྣམ་གཉིས་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་སྦེང་ལོར་ལ་རྟེན་གཞི་བྱས་པའི་ཤི་ཝ་ན་གྷར་བོད་མིའི་ཁྲོམ་ས་དང་། དུ་བ་ཡི་པ་ལ་ཛཱ་ (Dubai Plaza) གཉིས་ལ་རིམ་པས་གཟིགས་སྐོར་དང་གནས་སྟངས་ཁག་ལ་རྒྱུས་ལོན་གནང་སྟེ། ཐེངས་འདིའི་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་སྦེང་ལོར་དང་། མའི་སོར་ཁུལ་གྱི་ལས་རིམ་ཁག་ལེགས་པར་གྲུབ་ཡོད་པ་བཅས།

