
༄༅། ། ཕྱི་ལོ ༢༠༢༥ ཟླ་ ༩ པའི་ཚེས་ ༢༦ ཉིན་སྐབས ༡༧ པའི་བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་། སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་རྣམ་གཉིས་ནས་རྒྱ་གར་བྱང་ཕྱོགས་དཀར་གྷིར་ཁུལ་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་ ༩ པའི་ཚེས་ ༢༦ ཉིན་གྱི་སྔ་དྲོ་ཆུ་ཚོད ༡༠།༣༠ ཐོག་བཞུགས་གནས་ཤྲཱི་ན་གར་མགྲོན་ཁང་ནས་ཕེབས་ཐོན་གནང་སྟེ། ཉིན་རྒྱབ་ཆུ་ཚོད་ ༡།༣༠ ཙམ་ལ་ (kargil War Memorial) ཕྱི་ལོ་ ༡༩༩༨ ནས་ ༡༩༩༩ བར་དཀར་གྷིར་ཞེས་པ་བོད་དམག་མང་པོའི་ཚེ་སྲོག་ཤོར་བའི་ལོ་རྒྱུས་ལྡན་པའི་ས་གནས་དེར་ཕེབས་འབྱོར་མཚམས། གཟིགས་སྐོར་དང་། ཞོར་དུ་སྨོན་ལམ་གང་ཐུབ་གསོལ་འདེབས་གནང་ཡོད་འདུག

ཉེ་ལོགས་སུ་འདས་སོང་གི་རྒྱ་གར་དང་བོད་མི་དཔའ་བོ་ཚོའི་དྲན་རྟེན་ཆེད་དུ་འགྲེམས་སྟོན་ཁང་ཞིག་ཡོད་པ་དེར་གཟིགས་སྐོར་དང་། ཞོར་དུ་བོད་དམག་ཚོའི་མཚན་བྱང་ཡོད་མེད་སོགས་འཚོལ་ཞིབ་སྐབས་སུ་ (SFF VIKAS) ཁོངས་གཏོགས་བོད་དམག་ལྔའི་མིང་མཐོང་རྒྱུ་ཡོད་པ་དང་། གཞན་བོད་མིང་ཕྱེད་འདྲ་བ་མང་པོ་མཐོང་རྒྱུ་ཡོད་འདུག དེ་ནས་མུ་མཐུད་དཀར་གྷིར་ཁུལ་ལ་ཕེབས་ཐོན་གྱིས་དགོང་དྲོ་ཆུ་ཚོད་ ༦།༠༠ པའི་ཐོག་ས་གནས་སུ་ཕེབས་འབྱོར་སྐབས། བོད་མིའི་འབྲེལ་མཐུད་པ་བདེ་ཆེན་རྒྱལ་མོ་ལགས་ཀྱིས་ཕེབས་བསུ་དང་སྦྲགས། མགྲོན་ཁང་ (Black Sheep B&B) ནང་དུ་ཅ་ལག་བཞག་རྗེས། བདེ་ཆེན་རྒྱལ་མོ་ལགས་ཀྱིས་སྣེ་ལེན་ཞུས་པའི་ཐོག་བོད་མིའི་ཁྲོམ་རྭ་ཁག་ལ་གཟོགས་སྐོར་ཕེབས་ཏེ། བོད་མི་དགུན་ཚོང་བ་རྣམས་ཀྱི་དཀའ་ངལ་ཇི་ཡོད་དང་། འཚོ་བའི་གནས་སྟངས་སོགས་ལ་རྒྱུས་ལོན་གནང་སྐབས། ཁོང་རྣམས་ལ་དཀའ་ངལ་གང་ཡང་མེད་པའི་ཐོག་འཚོ་བ་རང་ཁ་རང་གསོ་ཡིན་པ་གསུངས་ཡོད་འདུག གཞི་རྩའི་ས་གནས་དེའི་བོད་མིའི་ཁྲོམ་སར་ཚོང་ཁང་བཅུ་ཙམ་ཡོད་འདུག

སྐབས་དེར་སྤྱི་འཐུས་རྣམ་གཉིས་ནས་བོད་མིའི་དགུན་ཚོང་བ་རྣམས་འཚོ་བ་རང་ཁ་རང་གསོ་ཡིན་པར་བསྔགས་བརྗོད་དང་འབྲེལ། ཡུལ་ཁྲིམས་སྲུང་དགོས་པའི་ལམ་སྟོན་དང་། རང་གཞུང་གི་ལས་དོན་བྱེད་ཕྱོགས་ལ་དོ་སྣང་དགོས་ཚུལ། དཀའ་ངལ་བྱུང་ན་བདེ་སྡུག་སྙན་ཞུ་སོགས་རང་གཞུང་ལ་ཞུ་ས་ཡོད་སྐོར། བོད་པ་ཡིན་པ་ནམ་ཡང་བརྗེད་མི་ཉན་པ་དང་། ས་གནས་གང་དུ་བསྡད་ནའང་ཆོག འཚོ་བའི་གནས་སྟངས་ཅི་འདྲ་ཡིན་རུང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་དྲན་དགོས་པ་སོགས་ཀྱི་བཀའ་སློབ་ལམ་སྟོན་གནང་རྗེས། ཐེངས་འདིའི་དཀར་གྷིར་ཁུལ་གྱི་གཞུང་འབྲེལ་ལས་དོན་རྣམས་ལེགས་གྲུབ་བྱུང་ཡོད་པ་བཅས།


