སྤྱི་འཐུས་ཟླ་བ་ཕུན་སྐྱིད་མཆོག་དང་། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་རྣམ་གཉིས་ནས་བཞུགས་སྒར་རྡ་ས་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་བྱུང་བ།  

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་མཆོག་དང་། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༡༤ ནས་ ༡༨ བར་བཞུགས་སྒར་རྡ་ས་ས་གནས་འགོ་འཛིན་ཁྱབ་ཁོངས་ས་གནས་ཁག་ལ་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་བྱུང་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཀྱིས་ཕྱི་ཚེས་ ༡༤ ཉིན་ནས་ས་གནས་ཁག་གི་ལས་རིམ་དབུ་འཛུགས་ཀྱིས། ཐོག་མར་དེ་ཉིན་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་བཞུགས་སྒར་བོད་ཀྱི་སྨན་རྩིས་ཁང་གི་ཚོགས་ཁང་ནང་སྤྱི་འཐུས་རྣམ་པ་གཉིས་ཀྱི་ལྷན། རྡ་ས་ས་འཐུས་ཚོགས་གཙོ་ཟླ་བ་ཚེ་རིང་ལགས་དང་། རྡ་ས་ས་གནས་འགོ་འཛིན་ཀུན་དགའ་ཚེ་རིང་ལགས། རྡ་ས་ས་གནས་རང་བདེན་ཚོགས་གཙོ་བསམ་གཏན་ལྷུན་གྲུབ་ལགས་བཅས་མཉམ་བཅར་ཐོག སྨན་རྩིས་ཁང་གི་དབུ་འཛིན་དང་། དྲུང་ཆེས་དབུས་སྨན་རྩིས་ཁང་གི་ལས་བྱེད་རྣམས་ཚང་འཛོམས་ཐོག སྤྱི་འཐུས་ཟླ་བ་ཕུན་སྐྱིད་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྐོར་དང་། སྐབས་༡༧ པའི་གྲོས་ཚོགས་ཚོགས་དུས་དང་པོའི་ལས་རིམ་སྐོར་གསུང་བཤད་དང་། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་། བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་གནས་བབ་སྐོར་བཅས་ཀྱི་ཐོག་གསུང་བཤད་གནང་བ་དང་། ཚོགས་བཅར་བ་རྣམ་པས་དགོངས་ཚུལ་དང་དྲི་བ་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད།

དེ་རྗེས་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་སྤྱི་ཁྱབ་དབུ་འཛིན་དང་། སྤྱི་ཁྱབ་དྲུང་ཆེས་དབུས་སྤྱི་ཁྱབ་ཡིག་ཚང་གི་འགན་འཛིན་རྣམ་པ་དང་། བོད་ཁྱིམ་སློབ་གྲྭའི་དགེ་རྒན་ལས་བྱེད་རྣམས་ལ་སྤྱི་འཐུས་རྣམ་པ་གཉིས་ཀྱིས་གོང་གསལ་བཞིན་བརྗོད་གཞི་ཁག་གི་ཐོག་ལ་གསུང་བཤད་དང་། ཚོགས་བཅར་བས་དྲི་བ་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་དང་། ཉིན་རྒྱབ་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་མེཀ་ལོར་གྷན་ཇི་ཁ་འཐོར་མི་མང་རྣམས་ལ་སྤྱི་འཐུས་རྣམ་པས་གོང་བཞིན་བརྗོད་གཞི་ཁག་གི་ཐོག་ལ་གསུང་བཤད་དང་། མི་མང་ནས་དགོངས་ཚུལ་དང་། དྲི་བ་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད།

ཕྱི་ཚེས་ ༡༥ ཉིན་རྡ་ས་ས་གནས་འགོ་འཛིན་དང་། ས་གནས་རང་བདེན་ཚོགས་གཙོ། ས་འཐུས་ཚོགས་གཞོན་བློ་ཚེ་ལགས་བཅས་མཉམ་བཅར་ཐོག སྤྱི་འཐུས་རྣམ་པ་གཉིས་ཀྱིས་རྡ་ཤོད་བོད་ཁྱིམ་སློབ་གྲྭར་གོང་བཞིན་བརྗོད་གཞི་ཁག་གི་ཐོག་ལ་གསུང་བཤད་དང་། དགེ་ལས་རྣམས་ཀྱིས་དྲི་བ་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་དང་།  དེ་རྗེས་སྣེ་ལེན་ཁང་དང་། ཤེས་རབ་དགའ་ཚལ་སློབ་གླིང་། སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་། དཔེ་སྟོན་སློབ་གྲྭ། བཙུན་དགོན་སྒྲོལ་མ་གླིང་བཅས་སུ་གཟིགས་སྐོར་དང་། ཉིན་རྒྱབ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་བདེ་ལྡན་གཙུག་ལག་ཁང་གི་མདུན་ཐང་དུ་ནོར་གླིང་གི་ལས་བྱེད་དང་ལས་མི་རྣམ་པ། འཆི་མེད་དགའ་ཚལ་གླིང་དང་། ཇོ་ནང་དུས་འཁོར་སྦྱོར་དྲུག་སྒོམ་གྲྭ་ཆོས་འཁོར་གླིང་། སྙིང་སྟོབས་གླིང་། ནོར་གླིང་གཡས་གཡོན་གྱི་ཁ་འཐོར་མི་མང་བཅས་ལ་སྤྱི་འཐུས་རྣམ་པ་གཉིས་ཀྱིས་གོང་བཞིན་བརྗོད་གཞི་ཁག་གི་ཐོག་ལ་གསུང་བཤད་གནང་རྗེས། ཇོ་ནང་དུས་འཁོར་སྦྱོར་དྲུག་སྒོམ་གྲྭ་ཆོས་འཁོར་གླིང་དུ་གཟིགས་སྐོར་ཕེབས་གནང་ཡོད།

ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྣམ་པ་གཉིས་གྷོ་པལ་པུར་བོད་ཁྱིམ་སློབ་གྲྭར་ཆེད་ཕེབས་ཀྱིས། དེ་གའི་སློབ་གྲྭའི་དབུ་འཛིན་དང་། སློབ་སྤྱི། དགེ་ཆེ། གཞན་ཡང་དགེ་རྒན་དང་ལས་བྱེད་བཅས་ལ་གོང་གསལ་བཞིན་སྤྱི་འཐུས་རྣམ་གཉིས་ཀྱིས་བརྗོད་གཞི་ཁག་གི་ཐོག་ལ་གསུང་བཤད་དང་། སློབ་སྦྱོང་གི་གལ་གནད་བཅས་ཀྱི་ཐོག་ལ་གསུང་བཤད་མདོར་བསྡུས་རེ་གནང་བ་མ་ཟད། དགེ་ལས་རྣམས་ཀྱིས་དོགས་འདྲི་དང་དགོངས་ཚུལ་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད། དེ་ནས་ཅ་མུན་ཌ་ཚོང་པ་རྣམས་དང་ཐུག་འཕྲད་ཀྱིས་ཁོང་རྣམ་པའི་དགོངས་ཚུལ་གསན་པ་མ་ཟད། བདེ་སྡུག་གནས་སྟངས་དང་དོགས་འདྲི་གནང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས། གསང་ཆེན་རྒྱུད་སྟོད་གྲྭ་ཚང་དུ་མཆོད་མཇལ་དང་། ཉིན་རྒྱབ་ཆུ་ཚོད་ ༢།༠༠ ཐོག་རྒྱུད་སྟོད་གྲྭ་ཚང་དུ་དགེ་འདུན་པ་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ཀྱིས་གོང་བཞིན་བརྗོད་གཞི་ཁག་གི་ཐོག་ལ་གསུང་བཤད་དང་། དོགས་འདྲི་དང་དགོངས་ཚུལ་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད།

 ཕྱི་ཚེས་ ༡༧ ཉིན་སྤྱི་འཐུས་རྣམ་པ་གཉིས་ནསཏེ་ལོ་པུར་ཉེ་འགྲམ་དུ་ཡོད་པའི་ཞ་ལུ་དགོན་དང་། བཙུན་དགོན་ཏེ་ལོ་པུར་ཀརྨ་སྒྲུབ་བརྒྱུད་དར་རྒྱས་གླིང་དགོན་པ།  བཙུན་དགོན་འཇམ་དབྱངས་ཆོས་གླིང་བཅས་ལ་མཆོད་མཇལ་དང་། དེ་བཞིན་དགོན་པ་སོ་སོའི་ལས་སྣེ་རྣམས་དང་ལྷན་དགོན་པ་སོ་སོའི་ལས་དོན་དང་གནས་སྟངས་སྐོར་རྒྱུས་ལོན་དང་།  དེ་རྗེས་བཙུན་དགོན་ཤུག་གསེབ་ཨོ་རྒྱན་རྫོང་དུ་མཆོད་མཇལ་དང་། དགོན་པའི་བཙུན་མ་རྣམས་ལ་སློབ་གཉེར་སྐོར་གསུང་བཤད་མདོར་བསྡུས་རེ་གནང་བ་མ་ཟད། དྲི་བ་དང་དགོངས་ཚུལ་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད། ཉིན་རྒྱབ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ཚོགས་ཁང་དུ་མཐོ་སློབ་ཀྱི་སློབ་སྤྱི་དང་། དགེ་སློབ་ཡོངས་ལ་སྤྱི་འཐུས་རྣམ་པ་གཉིས་ཀྱིས་གོང་ལྟར་བརྗོད་གཞི་ཁག་གི་ཐོག་ལ་གསུང་བཤད་དང་། ལས་བྱེད་དང་སློབ་མ་རྣམས་ཀྱིས་དྲི་བ་གནང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད།

ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོ་རྡ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་སྤྱི་འཐུས་རྣམ་པ་གཉིས་དབུ་བཞུགས་ཐོག་རྡ་ས་གནས་འཐུས་མི་རྣམ་པ་དང་། རང་བདེན་ཚོགས་མི་རྣམ་པ། ས་གནས་འགོ་འཛིན་བཅས་ཀྱི་མཉམ་དུ་བཞུགས་སྒར་རྡ་རམ་ས་ལའི་གནས་སྟངས་དང་འབྲེལ་བའི་སྐོར་བཞུགས་མོལ་ཚོགས་འདུ་ཞིག་འཚོགས་གནང་རྗེས། རྡ་ས་ས་གནས་རང་བདེན་ཚོགས་ཆུང་གི་ཡིག་ཚང་དང་། ས་གནས་འགོ་འཛིན་ལས་ཁུངས། ས་གནས་འགོ་འཛིན་ལས་ཁུངས་ཆེད་གསར་རྒྱག་ཞུས་པའི་ཁང་བརྩེགས་བཅས་ལ་གཟིགས་ཞིབ་གནང་གྲུབ་མཚམས། ཉིན་ལྔའི་རིང་གི་རྡ་ས་ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་ཀྱི་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་བྱུང་ཡོད།

 གཟིགས་སྐོར་ཕྱོགས་བསྐྱོད་སྐབས་ས་གནས་སོ་སོའི་མི་མང་གི་བསམ་ཚུལ་བསྡུ་ལེན་དང་། མི་མང་དང་། སློབ་ཕྲུག་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་གསུང་བཤད་ཐེངས་ ༩ ཙམ་དང་། བཞུགས་མོལ་ཚོགས་འདུ་ཐེངས་ ༡ ཚོགས་གནང་ཡོད་པ་དང་། དེ་བཞིན་མི་མང་དང་། ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྙན་ཞུ་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། སློབ་གྲྭ། མི་མང་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་གནང་བ་སོགས་ཁྱོན་ཉིན་གྲངས་ ༥ ཙམ་གྱི་གཞུང་འབྲེལ་འཚམས་གཟིགས་ཀྱི་ལས་དོན་ཡོངས་སུ་ལེགས་གྲུབ་གནང་ཡོད་པ་དང་། ད་རེས་སྤྱི་འཐུས་རྣམ་གཉིས་ས་བགོས་ལྟར་འཚམས་གཟིགས་ཕེབས་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་རིགས་རྣམས་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ཏུ་འབུལ་ལམ་ཞུ་རྒྱུ་ཡིན་པ་རེད།