དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༣ རེས་གཟའ་ཉི་མའི་སྔ་དྲོ་ཆུ་ཚོད་ ༩ ཐོག་བཞུགས་སྒར་རྡ་ས་གངས་སྐྱིད་ཚོགས་ཁང་གསར་པའི་ནང་ཉིན་གྲངས་གསུམ་རིང་འཚོགས་རྒྱུའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པའི་དབུ་འབྱེད་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གསུང་བཤད་གནང་དོན།

ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་བ་དང་འབྲེལ་རྡ་སར་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན། རྣམ་པ་ཚོ་རྡ་སར་ཕེབས་སྐབས་འགྲུལ་བཞུད་སྤྲོ་པོ་བྱུང་ཡོད་བའི་རེ་བ་ཡོད། དེ་རིང་ང་ཚོ་ཚང་མ་འདི་ལྟ་བུའི་ཚོགས་འདུ་གལ་ཆེན་པོ་ཞིག་གི་ཐོག་ཚང་འཛོམས་གནང་དགོས་པའི་དམིགས་ཡུལ་གཙོ་བོ་ནི་རྣམ་པ་ཚོས་ད་བར་བོད་དོན་བདེན་པའི་འཐབ་རྩོད་ཐོག་སྐུ་ལས་བསྐྱོན་པའི་བྱས་རྗེས་ལ་ཐུགས་རྗེ་ལེགས་སོ་ཞུ་རྒྱུ་དེ་ཡིན། སྡིངས་ཆ་འདིའི་ཐོག་ནས་རྣམ་པ་ཚོས་བོད་ཀྱི་རྩ་དོན་ཐོག་བཞག་པའི་དམ་བཅའ་དང་། དུས་ཚོད། བློས་གཏོང་། འདུན་པ། ལར་ཞེན་བཅས་ལ་དམིགས་བསལ་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་ངས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཁྱེད་རྣམས་དང་ལྷན་དུས་ནས་དུས་སུ་ཕན་ཚུན་འབྲེལ་མོལ་གནང་ཐུབ་པ་དེ་དགའ་སྤོབས་སྐྱེ་འོས་པ་ཞིག་དང་། བོད་མི་བཙན་བྱོལ་བ་ཆགས་ནས་ལོ་ངོ་ ༦༠ སོང་ཡང་བོད་ཀྱི་འཐབ་རྩོད་ཐད་རྣམ་པ་ཚོས་ང་ཚོར་མུ་མཐུད་རྒྱབ་སྐྱོར་གནང་བ་དེས་ང་ཚོའི་སྙིང་སྟོབས་དང་ཆོད་སེམས་རྒྱུན་དུ་གསོན་གནས་ཐུབ་རྒྱུར་ཕན་ཐོགས་ཧ་ཅང་ཆེན་པོ་འདུག

ཐོག་མའི་བཙན་བྱོལ་དུས་སུ་བོད་མིའི་སྒྲིག་འཛུགས་དང་བོད་རིགས་མི་མང་ལ་རྒྱལ་སྤྱིའི་ནང་དོ་སྣང་དང་རྒྱབ་སྐྱོར་གནང་མཁན་ཉུང་ཤས་ཙམ་ལས་མེད་ཀྱང་། ཕྱི་ལོ་ ༡༩༨༠ ལོ་མཇུག་ཏུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས། བོད་དོན་རྒྱབ་སྐྱོར་ཚོགས་པ་ཉུང་ཤས་བཅས་ཀྱིས་རྒྱལ་སྤྱིའི་གསར་འགྱུར་ཁག་དང་རྒྱལ་སྤྱིའི་མང་ཚོགས་ནང་བོད་ཀྱི་གནད་དོན་ཐད་དོ་སྣང་སླེབས་ཐུབ་པ་བཟོས་གནང་ཡོད། བྱས་ཙང་ཕྱི་ལོ་ ༡༩༩༠ ནང་བོད་མིའི་སྒྲིག་འཛུགས་ནས་བོད་ཀྱི་གནད་དོན་རྒྱལ་སྤྱིའི་ནང་ཁྱབ་སྤེལ་དང་། ཕྱིའི་མི་རིགས་ཀྱི་རྒྱབ་སྐྱོར་ཐོབ་ཐབས་སླད་བཞུགས་སྒར་རྡ་སར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དང་པོ་བསྐོང་ཚོགས་གནང་བ་དང་། ད་ལྟའི་ཆར་བོད་ཀྱི་གནད་དོན་གསལ་ཐབས་ཆེད་རྒྱབ་སྐྱོར་གནང་མཁན་བོད་དོན་རྒྱབ་སྐྱོར་ཚོགས་པ་གྲངས་ ༢༥༠ ལྷག་ཡོད།

འདས་ལོའི་ནང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་སོ་སོའི་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་རྣམ་པར་བོད་ཀྱི་གནད་དོན་སྐོར་གསལ་བཤད་དང་སོ་སོའི་གྲོས་ཚོགས་ནང་བོད་ཀྱི་གནད་དོན་གླེང་སློང་དགོས་པའི་ཞུ་སྐུལ་གནང་ཡོད་པ་དང་། དེ་བཞིན་སོ་སོའི་རྒྱལ་ཁབ་ཀྱི་མི་མང་རྣམས་ལ་བོད་དོན་སྐོར་གོ་རྟོགས་གང་ལེགས་སྤེལ་བ། བོད་དོན་ཆེད་མི་མང་འདུ་འཛོམས་དང་། ལྷན་ཚོགས། བགྲོ་གླེང་། ཞི་བའི་ཁྲོམ་སྐོར་ལ་སོགས་ལས་འགུལ་མང་པོ་ཞིག་སྤེལ་བ་དེ་དག་ཁྱད་དུ་འཕགས་པའི་ལས་དོན་ཞིག་ཡིན་པས་རྣམ་པ་ཚོར་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན། དེ་ཙམ་མ་ཡིན་པར། སོ་སོའི་རྒྱལ་ཁབ་ཁག་གི་ནང་སྲིད་བྱུས་གཏན་འབེབས་གནང་མཁན་རྣམས་ལ་བོད་ཀྱི་འཐབ་རྩོད་ཐོག་རྒྱབ་སྐྱོར་ཐོབ་ཐབས་ཀྱི་སྲིད་བྱུས་གཏན་འབེབས་གནང་དགོས་པ་སོགས་ཀྱི་གནོན་ཤུགས་སྤྲད་དང་སྤྲོད་བཞིན་པ་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དེ་རིང་སླར་ཡང་ཞུ་རྒྱུ་ཞིག་ལ། ཕྱི་ལོ་ ༡༩༧༩ བར་བོད་མིའི་སྒྲིག་འཛུགས་དང་བོད་པའི་མི་མང་ནས་བོད་རང་བཙན་རྩོད་ལེན་གནང་རྒྱུའི་སྲིད་བྱུས་བཟུང་ཡོད། ཡིན་ནའང་རྒྱལ་སྤྱིའི་ནང་རྒྱལ་ཁབ་ཁག་གི་རང་དབང་རང་བཙན་གྱི་གནས་བབ་བསྒྱུར་བཞིན་པ་དང་བསྟུན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༧༠ ལོ་སྟོད་ལ་བོད་རྒྱའི་དཀའ་རྙོག་སེལ་ཐབས་སླད་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དགོངས་པ་ཆེ་བཞེས་གནང་ཡོད་ཀྱང་། བོད་མི་ཚོར་དགོངས་གཞི་འདི་ངེས་པར་དུ་ལག་བསྟར་གནང་དགོས་པའི་བཙན་བཀའ་བཏང་མེད། དེ་ལས་ལྡོག་སྟེ། ༸གོང་ས་མཆོག་གིས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་དང་། བཀའ་ཤག ཤེས་ཡོན་ཅན། ཉམས་མྱོང་ཡོད་མཁན་མང་པོའི་ལྷན་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་གོ་བསྡུར་རིམ་པ་གནང་ཞིང་།  ལྷག་པར་དུ་ཕྱི་ལོ་ ༡༩༧༩ ལོར་སྐབས་དེའི་རྒྱ་ནག་དམར་གཞུང་གི་འགོ་འཁྲིད་ཏིང་ཞའོ་ཕིང་གིས་བོད་རང་བཙན་མ་གཏོགས་གཞན་གནད་དོན་ཚང་མ་གྲོས་མོལ་གྱི་ལམ་ནས་གསལ་ཆོག་གི་རེད་ཅེས་གསུངས་པ་བཅས་ལ་བརྟེན་ནས་བོད་ཀྱི་གནད་དོན་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་གསལ་རྒྱུར་དེ་བས་ཡིད་ཆེས་ཆེ་བ་ཐོབ་ཡོད། དེ་བཞིན་བོད་ནང་ནས་བསམ་ཚུལ་སླེབས་པ་ཁག་དང་། བོད་རིགས་མི་མང་ནས་རྒྱབ་སྐྱོར་ཡོད་པའི་ཐོག་ཕྱི་ལོ་ ༡༩༩༧ ཟླ་ ༩ ཚེས་ ༡༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་རྒྱུའི་སྤྱི་མོས་གྲོས་ཆོད་གཏན་འབེབས་གནང་བ་དང་། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དེ་མང་གཙོའི་ལམ་ལུགས་ཐོག་ནས་གཏན་འབེབས་དང་འགྱུར་ལྡོག་གོང་འཕེལ་ཕྱིན་ཡོད། དེ་འདྲའི་གཉིས་སྨན་སྲིད་བྱུས་དེས་བོད་རྒྱ་གཉིས་ཀར་དངོས་ཡོད་གནས་ཚུལ་ཐོག་ནས་ཁེ་ཕན་ཡོད་པ་ཞིག་ཡིན། སྤྱིར་ལོ་རྒྱུས་ཐོག་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་ཡང་། ང་ཚོས་རང་བཙན་མི་རྩོད་པར་རྒྱ་ནག་གཞུང་གི་རྩ་ཁྲིམས་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་བྱེད་བཞིན་ཡོད།  ཕྱི་ལོ་ ༢༠༠༨ ལོར་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་རྡ་སར་ཚོགས་པའི་སྐབས་སུའང་མི་མང་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་མང་མོས་རྒྱབ་སྐྱོར་གནང་རྗེས་ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༢༠ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་སྤྱི་མོས་ཀྱིས་གཏན་ལ་ཕབ་ཡོད། དེར་བརྟེན་ངས་ཁྱེད་རྣམ་པར་བོད་ཀྱི་གནད་དོན་གསལ་རྒྱུར་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་རྒྱུ་དང་། དབུ་མའི་ལམ་གྱི་སྲིད་བྱུས་འཛིན་པའི་ཐོག་དགོངས་ཚུལ་དང་ཐབས་བྱུས་འཆར་གཞི་བསྒྲིག་སྟེ། བོད་རྒྱ་གཉིས་ཀའི་མི་རིགས་ལ་ཁེ་ཕན་ཡོང་ཐབས་གནང་སྐྱོང་ཡོང་བའི་རེ་བསྐུལ་ཞུ་རྒྱུ་ཡིན།

ད་བར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་ཚོགས་ཟིན་པ་དང་། ཚོགས་ཆེན་སོ་སོར་བོད་མིའི་སྒྲིག་འཛུགས་ནས་ཡང་ནས་ཡང་དུ་བོད་ཀྱི་གནད་དོན་གསལ་རྒྱུའི་ཐད་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་སྐྱོང་ཡོང་རྒྱུའི་རེ་བསྐུལ་ཞུས་པ་ལྟར། དེ་རིང་ཚོགས་ཆེན་ཐེངས་བརྒྱད་པའི་སྐབས་སུའང་ཁྱེད་རྣམས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་གི་ཡིན། བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ལངས་ཕྱོགས་ནི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཡིན།

དེ་དང་ཆབས་ཅིག་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་རྒྱུན་ལྡན་བོད་ནང་གི་འགྲོ་བ་མིའི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བའི་སྐོར་དང་། ཁོར་ཡུག་ཉམས་ཆག བཙན་གནོན་འོག་གཏན་འབེབས་བྱས་པའི་ཤེས་ཡོན་སློབ་གསོའི་སྲིད་བྱུས། བོད་ཀྱི་རྒྱུགས་ཆུ་ཁག་ལ་ཆུ་མཛོད་འཛུགས་རྒྱུའི་ལས་འཆར། བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་གནང་ཕྱོགས། ཨ་རི་དང་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ནང་བོད་དོན་ཐོག་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་རྒྱུ་བཅས་ཀྱི་ཐོག་ལ་ཞུ་སྐུལ་གནང་བཞིན་ཡོད་པ་དང་། ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གམ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་འབྲེལ་མོལ་བསྐྱར་གསོ་ཡོང་རྒྱུའི་སླད་ཞུ་སྐུལ་གནང་གི་ཡོད། བོད་ཀྱི་གནད་དོན་གལ་ཆེ་དེ་དག་ཐོག་རྣམ་པ་ཚོས་ཕྱག་ལས་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

དེ་མཚུངས་ཨ་རིའི་གྲོས་ཚོགས་ནང་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་གཏན་འབེབས་ (Reciprocal Access to Tibet Law) དང་།  བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་གསར་པ་ཕྱི་ལོ་ ༢༠༡༩ ཞེས་པའི་ཁྲིམས་འཆར་ (Tibet Policy and Support Act of 2019) འདོན་གནང་བ། ཕྱི་ལོ་ ༡༩༩༠ ནང་ཨ་རིའི་ནང་བོད་མི་གནས་སྤོ་བྱེད་རྒྱུའི་ལས་གཞི། ཕྱི་ལོ་ ༡༩༧༠ ལོ་སྟོད་དང་། ཕྱི་ལོ་ ༢༠༠༧ ལོའི་ཁེ་ན་ཌའི་ནང་བོད་མི་གནས་སྤོ་བྱེད་རྒྱུའི་ལས་གཞི། ཡུ་རོབ་སྤྱི་མཐུན་གྲོས་ཚོགས་ནང་རྒྱ་ནག་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་ལ་དྲག་གནོན་ཇེ་ཆེར་བཏང་བའི་ཐོག་གྲོས་ཆོད་བཞག་པ། བོད་ནང་བོད་མིའི་ཚོའི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་ལུགས་རང་དབང་། ལྷག་པར་དུ་རྒྱ་ནག་གཞུང་གི་ཐེ་བྱུས་མེད་པར་བོད་མི་ཚོར་སོ་སོའི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གནང་རྒྱུའི་ཐོབ་ཐང་ཡོད་པ་བཅས་ཀྱི་ཐོག་གྲོས་ཆོད་བཞག་པ། བོད་ནང་རང་ལུས་མེར་བསྲེགས་གནང་མཁན་ཚོར་གདུང་སེམས་མཉམ་སྐྱེད་ཀྱིས་གྲོས་ཆོད་དང་། བསྒྲགས་གཏམ་སྤེལ་བ་སོགས་ལ་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་རྣམ་པ་དང་། གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་བཅས་ནས་བོད་དོན་ཐོག་ཧ་ལས་པའི་རྒྱབ་སྐྱོར་གནང་བར་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན། དེ་ཙམ་མ་ཟད། ༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དང་། བྱ་བྲལ་རིན་པོ་ཆེ་མཆོག དེ་བཞིན་བོད་ནང་གི་ཉེས་མེད་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པའི་ཐོག་རྒྱ་ནག་གཞུང་ལ་རྣམ་འགྱུར་དང་ཐེ་བྱུས་གནང་བ་བཅས་ལ་ཡི་རངས་བསྔགས་བརྗོད་དང་། མུ་མཐུད་ནས་ཁོང་རྣམས་གང་མགྱོགས་གློད་བཀྲོལ་ཡོང་རྒྱུར་འབོད་སྐུལ་གནང་རོགས་ཞེས་ཞུ་རྒྱུ་ཡིན།

དེའི་སྔོན་གྱི་ཚོགས་ཆེན་ནང་རྒྱ་རིགས་ཤེས་ཡོན་ཅན་དང་། རྩོམ་པ་པོ། གསར་འགོད་པ། འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་སོགས་མཇལ་རྒྱུ་ཡོད་པ་བཞིན། དེ་རིང་གི་ཚོགས་ཆེན་འདིའི་ཐོག་ལའང་ཁོང་རྣམས་འདིར་ཞུགས་ནས་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་རྒྱབ་སྐྱོར་གནང་བཞིན་ཡོད། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་པ་ནས་བཟུང་། རྒྱ་རིགས་རྣམས་ཀྱིས་སྲིད་བྱུས་དེ་གཉིས་ཕན་ཡིན་པ་ཤེས་པ་དང་། དེ་བཞིན་རྒྱ་རིགས་ཤེས་ཡོན་ཅན་དང་། འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ། གསར་འགོད་པ། རྩོམ་པ་པོ། མི་མང་དཀྱུས་མ་བཅས་ནས་རྒྱ་ནག་གཞུང་ལ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་དགོས་པའི་སྐུལ་མ་གནང་མཁན་ཇེ་ཆེར་འཕེལ་ཡོད། རྒྱ་ནག་མི་མང་རྣམས་ནས་བོད་རྒྱའི་དཀའ་རྙོག་འཚེ་མེད་ཞི་བའི་ཐོག་ནས་སེལ་རྒྱུའི་དགོངས་ཚུལ་འདོན་མཁན་ཇེ་མང་འགྲོ་བཞིན་པ་དང་། དེ་བཞིན་ཁོང་རྣམས་ནས་རྒྱ་ནག་ནང་མང་གཙོའི་ལམ་ལུགས་ཐོག་བསྐྱོད་རྒྱུའི་གདམས་ཀ་བྱེད་ཀྱི་ཡོད་པ་སོགས་ནི་བོད་ནང་ཡོད་པའི་བོད་མི་ཙམ་མ་ཟད། རྒྱ་ནག་གཞུང་གི་འོག་ཡོད་པའི་གྲངས་ཉུང་མི་རིགས་ལའང་གལ་གནད་ཅན་ཞིག་ཆགས་ཡོད།

རྩ་བའི་ཁྱེད་རྣམས་ཀྱིས་བོད་དོན་སྐོར་སོ་སོའི་གྲོས་ཚོགས་འཐུས་མི་རྣམ་པར་ཞུ་སྐུལ་གནང་བཞིན་པ་ནི་གསལ་པོ་ཡིན་ཡང་། ང་ཚོས་བསྐྱར་ནན་གྱིས་ཞུ་རྒྱུར། རྣམ་པ་ཚོས་སོ་སོའི་གྲོས་ཚོགས་འཐུས་མི་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་སྙན་སེང་ཞུ་རྒྱུ་དང་། རྒྱ་ནག་འགོ་འཁྲིད་ཚོར་བོད་ནང་ཡང་དག་པའི་སྲིད་བྱུས་གཟུང་དགོས་རྒྱུ། ཕྱི་ལོ་ ༢༠༡༠ ལོར་༧གོང་ས་མཆོག་གི་སྐུ་ཚབ་དང་། རྒྱ་ནག་གཞུང་དབར་འབྲེལ་མོལ་ཆད་པ་དེ་བསྐྱར་གསོ་ཡོང་ཐབས་གནང་རྒྱུར་འབོད་སྐུལ་ཞུ་རྒྱུའི་ཐོག་སོ་སོའི་གྲོས་ཚོགས་ནས་རྒྱབ་སྐྱོར་ཐོབ་ཐབས་གནང་རོགས་ཞེས་ཞུ་རྒྱུ་ཡིན། ཕྱི་ལོ་ ༢༠༠༢ ནས་ད་བར་བོད་རྒྱ་འབྲེལ་མོལ་ཐེངས་དགུ་བྱུང་ཡོད་པ་དང་། བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ནས་རྒྱ་ནག་གཞུང་ལ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཞིག་ཕུལ་ཡོད་པ་དང་། འབྲེལ་མོལ་ཐེངས་དགུ་པའི་སྐབས་རྒྱ་ནག་གཞུང་གི་རྩ་ཁྲིམས་དང་འགལ་ཟླ་འགྲོ་མེད་པའི་གསལ་བཤད་ཐོག་སླར་ཡང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་གྱི་འགྲེལ་བརྗོད་ཡིག་ཆ་ཞིག་སྤྲད་གནང་ཡོད། དེ་ནས་ཕྱི་ལོ་ ༢༠༡༠ ལོའི་འབྲེལ་མོལ་རྗེས། བོད་མིའི་སྒྲིག་འཛུགས་ནས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་འབད་བརྩོན་གནང་ཡང་། ད་བར་རྒྱ་ནག་གཞུང་ཕྱོགས་ནས་ཡ་ལན་རྩ་བ་ནས་བྱས་མེད། དེར་བརྟེན་ཁྱེད་རྣམས་ནས་འབྲེལ་མོལ་དེ་དག་སླར་གསོ་ཡོང་ཆེད་སོ་སོའི་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཞུ་སྐུལ་གནང་ཐབས་ཡོང་བ་ཞུ་རྒྱུ་ཡིན།

ད་ལོའི་ཕྱི་ཟླ་ ༥ ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། ལཊི་ཝི་ཡ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་པ་བཅས་ནས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བདུན་པ་བསྐོང་ཚོགས་གནང་ཐུབ་ཡོད་པ་དང་། སྐབས་དེར་འཛམ་གླིང་རྒྱལ་ཁབ་ཁག་འདྲ་མིན་ནས་ཕེབས་པའི་གྲོས་ཚོགས་འཐུས་མི་རྣམ་པས་བོད་རྒྱ་འབྲེལ་མོལ་གང་མགྱོགས་བསྐྱར་གསོ་དགོས་པ་དང་། སོ་སོའི་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་འཆར་གཏན་འབེབས་དགོས་པ། བོད་དོན་དང་འབྲེལ་བའི་གྲོས་ཆོད་གཏན་འབེབས་གནང་དགོས་པ་སོགས་ཁྱབ་བསྒྲགས་གནང་ཡོད། དེ་བཞིན་ཉེ་ཆར་ཕྱི་ཟླ་ ༡༠ པའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་འཛིན་སྐྱོང་བཀའ་ཤག་ཐུན་མོང་ཐོག་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པ་བསྐོང་ཚོགས་གནང་ཞིང་། སྐབས་དེར་ཚོགས་བཅར་བ་ལྷན་འཛོམས་ཐོག་གྲོས་ཆོད་འདི་དག་བཞག་ཡོད། ” ༸རྒྱལ་བའིི་ཡང་སྲིད་ངོས་འཛིན་གནང་རྒྱུའི་འགན་དབང་ཆ་ཚང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཉིད་དང་། ༸གོང་ས་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་ཁོ་ནར་ཡོད་པ་ལས། གཞན་རྒྱལ་ཁབ་དང་། གཞུང་། སྒྲིག་འཛུགས། མི་སྒེར་བཅས་སུ་ལའང་མེད་པ་དང་། རྒྱ་ནག་གཞུང་གིས་དེ་སྔོན་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན་བྱས་པ་སྤྱི་དང་ལྷག་པར་དུ་ཕྱི་ལོ་ ༢༠༠༧ ལོར་གཏན་ལ་ཕབ་པའི་བླ་སྤྲུལ་ངོས་འཛིན་བྱེད་ཕྱོགས་ཀྱི་བཙན་བཀའ་ཨང་ལྔ་པའི་ཁྲིམས་ཡིག་བརྒྱུད། ༸རྒྱལ་བའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐད་ཇུས་ངན་བཏོན་དང་འདོན་བཞིན་པ་དེེར་དགག་པ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།” གཞན་ཡང་གྲོས་ཆོད་ནང་༸གོང་ས་མཆོག་ནི་བོད་འབངས་ཡོངས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་༸ཞབས་པད་བསྐལ་པ་བརྒྱ་ཕྲག་བར་བོད་མི་རྩམ་ཟན་ཡོངས་ཀྱི་འདི་ཕྱི་གཉིས་ཀྱི་མགོན་སྐྱབས་དཔུང་གཉེན་དམ་པར་མུ་མཐུད་བཞུགས་གནང་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་ཡིན་ཞེས་འཁོད་ཡོད།

མཐའ་དོན་ངས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ད་ལྟའི་དུས་ཚོད་ཉག་ཕྲ་བའི་སྐབས་དེར་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་ཁབ་ཁག་གི་གཞུང་དང་། གྲོས་ཚོགས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ། མི་སྒེར་པ་བཅས་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་སོ་སོའི་ས་ཁུལ་གྱི་བོད་རིགས་སྤུན་ཟླ་རྣམས་ལ་དུས་རྟག་ཏུ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་དང་། འབྱུང་འགྱུར་ཡང་མུ་མཐུད་དེ་ལྟར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།

ཚོགས་ཆེན་ཉིན་གསུམ་རིང་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་མྱོང་བཞིན་པའི་བོད་རིགས་སྤུན་ཟླ་རྣམས་ལ་ཕན་པའི་བོད་རྒྱའི་འབྲེལ་ལམ་ཐད་ཐབས་ཇུས་གསར་པ་དང་། སྲིད་བྱུས་གསར་པ་བསྣམ་ཕེབས་རྒྱུའི་རེ་བ་བྱེད་བཞིན་ཡོད། ཁྱེད་རྣམ་པས་བོད་ཀྱི་གནད་དོན་མ་གསལ་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་ཡིད་ཆེས་ཡོད་པ་དང་། དེ་རིང་ང་ཚོ་འདིར་ལྷན་འཛོམས་གནང་བ་འདི་རྒྱ་ནག་གཞུང་ལ་ཁོང་ཁྲོ་རློང་ཡག་དང་། རྒྱ་ནག་གཞུང་མེད་པ་བཟོ་རྒྱུའི་འཆར་གཞི་འདིང་རྒྱུ་ཞིག་རྩ་བ་ནས་མིན་པར། རྒྱ་ནག་གཞུང་འཛིན་པ་ཚོར་ང་ཚོ་བོད་ཀྱི་གནད་དོན་ཞི་བའི་ཐོག་ནས་གསལ་ཐབས་བྱ་རྒྱུའི་འདོད་པ་ཤུགས་ཆེ་ཡོད་པ་ཞིག་བསྟན་རྒྱུའི་ཆེད་དུ་ཡིན། སླར་ཡང་རྣམ་པ་ཚོ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཚོགས་ཆེན་འདི་དོན་དང་ལྡན་པ་ཞིག་ཡོང་བའི་སྨོན་འདུན་ཡོད། ཞེས་གསུངས་གནང་ཡོད་པ་བཅས། །