བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་འཕྱོངས་རྒྱས་གྲྭ་བཞི་བརྒྱ་དཔོན་སྐལ་བཟང་དགྲ་འདུལ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཉེ་འབྲེལ་ལྟོས་བཅས་རྣམས་ལ་ཐུགས་གསོ་གནང་བ།


༄༅། །དེ་ཡང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་འཕྱོངས་རྒྱས་གྲྭ་བཞི་བརྒྱ་དཔོན་སྐལ་བཟང་དགྲ་འདུལ་མཆོག་དགུང་བབས་བགྲེས་ནད་ཀྱི་རྐྱེན་པས་ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༢༠ དགོང་དྲོའི་ཕྱག་ཚོད་ ༤།༥༡ ཙམ་ལ་བཞུགས་སྒར་ལྷ་རྒྱལ་རིའི་བགྲེས་ཤག་ཏུ་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོས་པར་སྤྱི་འཐུས་རྒྱུན་ལས་རྣམ་པ་ཤིན་ཏུ་ཡིད་སྐྱོ་དང་བློ་ཕམ་གྱི་གནས་སུ་གྱུར་པ་དང་། དེ་ག་གཉེན་ཉེ་ལྟོས་བཅས་རྣམས་ཐུགས་ཡིད་གདུང་ཆེན་པོའི་ངང་ཡོད་ངེས་ཀྱང་། འཇིག་རྟེན་གྱི་སྐྱེ་འགྲོ་ཀུན་སྐྱེ་བའི་མཐའ་མར་འཆི་དགོས་པ་ཆོས་ཉིད་ལ་དགོངས་རྒྱ་ཆེ་བཞེས་དང་འབྲེལ་དམ་པ་དེ་ཉིད་ཆེད་རྣམ་དཀར་དགེ་ཚོགས་ཀྱི་གནང་སྒོ་རིམ་པ་གནང་བཞིན་ཡོད་པ་གཞིར་བཅས་དང་། འདི་ནས་ཀྱང་དམ་པ་དེ་ཉིད་ཀྱིས་ཕྱི་ལོ་ ༡༩༤༣ རང་ལོ་ ༡༨ ཐོག་བོད་གཞུང་ཁ་དང་གྲྭ་བཞིའི་གཡུལ་རྒྱལ་བསམ་འཕེལ་དམག་སྒར་གྱི་དམག་ཁོངས་འཕྱོངས་རྒྱས་རྫོང་འོག་གཞུང་རྒྱུགས་མཁན་གཙང་ཆུ་འཁོར་བའི་མི་ངོའི་དམག་ཞབས་སུ་འཛུལ་ཞུགས་ནས་བཟུང་རྒྱ་གར་དུ་བཙན་བྱོལ་ཕེབས་སྐབས་༸གོང་ས་མཆོག་གི་༸སྐུ་ཡི་སྲུང་བྱའི་ཞབས་ཕྱི་གང་ལེགས་ཞུས་པ་དང་། བཙན་བྱོལ་བའི་ཆེས་གཉན་འཕྲང་ཅན་གྱི་དུས་སྐབས་སུ་རྒྱ་ཆེའི་བོད་གཞུང་མང་གི་ལས་དོན་སྣེ་མང་ཐོག་ཕྱི་ལོ་ ༡༩༨༠ ཙམ་བར་ངལ་བ་ཁྱད་བསད་ཀྱིས་ཞབས་ཞུ་མཐར་སོན་གནང་པ་དང་།  ལྷག་པར་སྤྱི་འཐུས་སྐབས་གསུམ་པའི་ཚོགས་གཞོན་གྱི་མཛད་འགན་བཞེས་པ་སོགས་མཛད་རྗེས་དེ་དག་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། གང་གི་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་རྣམ་མཁྱེན་རྒྱལ་བའི་གོ་འཕང་མྱུར་དུ་རེག་པའི་སྨོན་འདུན་དང་། དེ་གའི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་སྤྱི་ལྷན་ནས་ཐུགས་གསོའི་ཡིག་ཆུང་དང་། དཀར་མེའི་ཞལ་འདེབས་དང་། ལྷ་གོས་དྲི་མེད་དཀར་གཙང་བཅས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་དང་ལྷན་ཚོགས་དྲུང་བཅས་བགྲེས་ཤག་ཏུ་ཆེད་ཕེབས་ཀྱིས་ཟུར་ཕུལ་དང་། ཐུགས་གསོ་སོགས་གནང་ཡོད་པ་དང་། དེ་བཞིན་ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོ་སྐུ་ཕུང་དུར་ཁྲོད་དུ་ཞུགས་འབུལ་སྐབས་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམས་དང་། ཚོགས་དྲུང་བཅས་ཆེད་ཕེབས་གནང་ཡོད།

སྐུ་གཤེགས་དམ་པ་ཁོང་ནི། ཕྱི་ལོ་ ༡༩༢༥ ལོར་ལྷོ་ཁ་འཕྱོངས་རྒྱས་སུ་ཕ་དོན་གྲུབ་ཚེ་འཕེལ་དང་མ་རིན་ཆེན་ལྷ་མོ་གཉིས་ཀྱི་སྲས་སུ་འཁྲུངས། འཚོ་ཐབས་ཞིང་པ་དང་གཞུང་རྒྱུགས་དམག་རྐང་། ཁོང་ཆུང་དུས་སློབ་གྲྭར་འགྲིམས་མྱོང་མེད་པས་བོད་ཡིག་གོ་འཕེར་ཙམ་ལས་མཁྱེན་གྱི་མེད་ནའང་དམག་སྒར་ནང་ཡི་གེ་ལེགས་གྲས་འཕྱོངས་རྒྱས་ལྡི་པོ་བརྒྱ་དཔོན་རྡོ་རྗེ་ཁྲ་ཁོག་ལགས་དང་། ཁྲི་སྨོན་ཞལ་ངོ་ཕུན་ཚོགས་ཚེ་རིང་གཉིས་ཀྱི་མདུན་སར་ཞར་ཞོར་སློབ་གཉེར་གནང་།

ཕྱི་ལོ་ ༡༩༤༣ རང་ལོ་ ༡༨ ཐོག་བོད་གཞུང་ཁ་དང་གྲྭ་བཞིའི་གཡུལ་རྒྱལ་བསམ་འཕེལ་དམག་སྒར་གྱི་དམག་ཁོངས་འཕྱོངས་རྒྱས་རྫོང་འོག་གཞུང་རྒྱུགས་མཁར་གཙང་ཆུ་འཁོར་བའི་མི་ངོའི་དམག་ཞབས་ཞུས་ཏེ་དུང་པའི་སློབ་སྦྱོང་གཙོ་གྱུར་གྱི་གཞི་རིམ་དམག་རྩལ་སློབ་སྦྱོང་རྣམས་ལེགས་པར་གནང་། ཕྱི་ལོ་ ༡༩༤༨ རང་ལོ་ ༢༢ ཐོག་སྣེ་གདོང་རྫོང་འོག་ཡར་ལུང་འཁོར་བདེ་ཁང་གསར་པའི་ལྡིང་དཔོན་བཅོ་ལྔ་ཚེ་རིང་བརྒྱ་དཔོན་དུ་གནས་སྤར་བསྩལ་ཚབ་ཁོང་གནས་བདུན་པ་སྡོད་དང་ལྡིང་ཁག་དང་པོའི་ལྡིང་དཔོན་དུ་བསྐོ་བསྩལ་ལས་ཁུར་གནང་། ཕྱི་ལོ་ ༡༩༥༡ རང་ལོ་ ༢༥ ཐོག་མང་མོས་འོས་ཐོན་ལྟར་འཆར་ཕུལ་ཕྱག་རྟགས་རིན་པོ་ཆེའི་དགོངས་དོན་བརྒྱ་དཔོན་བཅོ་ལྔ་ཚེ་རིང་འདས་ཚབ་གནས་དྲུག་པ་གོང་གསལ་སྡོད་དང་བརྒྱ་ཁག་གི་བརྒྱ་དཔོན་བསྐོ་བསྩལ་ལས་ཁུར་གནང་།

 ཕྱི་ལོ་ ༡༩༥༩ དགུང་ལོ་ ༣༣ ཐོག་བོད་ཀྱི་རྒྱལ་ས་ལྷ་སའི་ཆོལ་གསུམ་སེར་སྐྱ་ཕོ་མོ་མི་མང་ཡོངས་ནས་རང་དབང་སྒེར་ལངས་ཀྱིས་རྒྱ་མིར་ངོ་རྒོལ་སྐད་འབོད་ཁྲོམ་བསྐོར་བྱ་སྐབས་ཁོང་རྣམས་རྩེ་ཕོ་བྲང་པོ་ཏཱ་ལར་སྲུང་བྱ་ཞུ་མུས་ནས་ནོར་གླིང་ཕོ་བྲང་སྲུང་བྱར་ཀུན་གླིང་ཛ་སག་གི་གཟིམ་ཤག་ཏུ་གནས་སྤོས་གནང་། བོད་ཟླ་ ༢ ཚེས་ ༨ དགོང་མོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལྗོངས་བསྟན་སྲིད་མི་མང་དང་བཅས་པའི་འཕྲལ་ཕུགས་བདེ་ཐབས་སླད་སྐུ་ངལ་འཛེམས་མེད་ངང་ནོར་གླིང་ཕོ་བྲང་ནས་གསང་སྟབས་ཀྱིས་རྒྱ་གར་དུ་ཆིབས་བསྒྱུར་བཀའ་དྲིན་ཆེ་སྐབས་ནོར་གླིང་ལྷོ་ཕྱོགས་གྲམ་དཀྱིལ་ནས་ལྷོ་ཁ་སྐྱིད་གཤོངས་ར་སྨད་དགོན་པར་སྐུ་བཅར་གྱིས་ཆིབས་འཁྲིད་ཞབས་ཞུ་ལེགས་པར་གནང་བ་དང་། དེ་ནས་བཟུང་རྒྱ་གར་ས་མཚམས་མང་མང་བར་སྐུ་སྲུང་བར་མའི་འགོ་བྱེད་ཀྱི་འགན་ཁུར་ཉིན་མཚན་ལྟོས་མེད་ལྷག་བསམ་རྣམ་དག་གནང་། དེ་རྗེས་རིང་པོར་མ་སོང་བར་རེ་ཞིག་མང་སྣེ་ཉུང་བརྟེན་མ་ཐུབ་པར་རང་ས་ཤོར་ནས་མོན་རྟ་དབང་བརྒྱུད་རྒྱ་གར་མི་ས་མ་རིར་འབྱོར་ཞིང་། ཁ་དང་གྲྭ་བཞི་དམག་མི་ཚོ་ཁག་ལྔ་པའི་འགོ་ཁྲིད་གནང་སྟེ་རང་གཞུང་བཀའ་དགོངས་ཐོག་མར་འབྲས་ལྗོངས་ཁུལ་ལམ་བཟོར་བསྐྱོད་གནང་ཐོག་ཕྱི་ལོ་  ༡༩༥༩ ལོ་དེ་རང་ལ་གནས་མཆོག་རྡོ་རྗེ་གདན་དུ་བྱེས་འབྱོར་ཆོལ་གསུམ་བོད་མི་སེར་སྐྱ་ཡོངས་རྫོགས་མ་གྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་དང་འབྲེལ་དམ་ཚིག་རྡོག་རྩ་གཅིག་བསྒྲིལ་བཀའ་དགོངས་འགལ་མེད་ཞུ་རྒྱུའི་མནའ་གན་མཐུ་མོ་ཆེ་འབུལ་ལམ་ཞུ་སྐབས་བོད་གཞུང་དམག་སྒར་ཀ་ཁ་ང་ཆ་བཅས་ཀྱི་འགོ་འཐུས་གནང་སྟེ་སྐུ་གཤེགས་ཀ་དང་སྐུ་སྲུང་རུ་དཔོན་བསོད་ནམས་བཀྲ་ཤིས་ལགས་དང་ལྷན་དུ་ཆེད་བཅར་གནང་། དེ་རྗེས་རྒྱ་གར་སྲིད་བློན་པཎ་ཊིཏ་ནེ་རུ་མཆོག་མ་སུ་རིར་བོད་མི་བཙན་བྱོལ་བའི་གསོག་སྒར་དུ་གཟིགས་སྐོར་ཆེད་ཕེབས་སྐབས་འབྲས་ལྗོངས་ཁུལ་ལམ་བཟོར་གནས་པའི་ཆོལ་གསུམ་བོད་མི་ ༨༠༠༠ སྐོར་གྱི་འཚམས་ཞུ་དང་། གནས་སྟངས་བདེ་སྙན་འབུལ་མིར་མ་སུ་རིར་དམིག་བསལ་ཆེད་བཅར་གནང་། ཕྱི་ལོ་ ༡༩༦༠ ལོར་ཨ་རིའི་སྲིད་འཛིན་སྐུ་གཤེགས་ (Dwight D.Elsenhower) མཆོག་རྒྱ་གར་རྒྱལ་ས་ལྡི་ལིར་ཕེབས་སྐབས་ཀྱང་འབྲས་ལྗོངས་ཁུལ་གྱི་བོད་མི་ལམ་བཟོ་བའི་མི་འཐུས་ ༡༦ ཁོངས་སུ་བོད་སྤྱིའི་རྩ་དོན་སྐོར་བདེ་སྡུག་༸སྙན་ཞུར་ཆེད་བཅར་གནང་།

ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ནས་ཆོས་སྲིད་གཉིས་ལྡན་མང་གཙོའི་གཞུང་གི་སྒྲིག་སྲོལ་གསར་གཏོད་བསྐྱངས་དོན་བོད་མི་མང་སྤྱི་འཐུས་སྐབས་དང་པོར་མང་མོས་འོས་ཐོབ་འཆར་ཕུལ་ཕྱག་རྟགས་དགོངས་དོན་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་སྤྱི་འཐུས་ཀྱི་དམ་འབུལ་དང་སྦྲགས་ལས་ཁུར་གནང་བ་དང་། སྐབས་དེར་སྤྱི་འཐུས་རྣམས་ལས་ཁུངས་ཁག་ཏུ་ཕྱོགས་བགོས་གནང་སྟབས་ཁོང་ཉིད་བདེ་སྲུང་ལས་ཁུངས་ནང་ལས་བགོས་གནང་བ་ལྟར་འགན་གནང་། དེ་ནས་ཕྱི་ལོ་ ༡༩༦༣ ཟླ་ ༩ ཚེས་ ༢ ནས་སླར་ཡང་བོད་མི་མང་སྤྱི་འཐུས་སྐབས་གཉིས་པར་མང་མོས་འོས་འདེམས་ཀྱི་འཆར་ཕུལ་ཕྱག་རྟགས་སྤྱི་ཕེབས་དགོངས་དོན་སྐབས་དེར་རང་གཞུང་ལས་ཁུངས་ཁག་གིས་ལས་དོན་སྒྲུབ་སྟངས་སྤྱི་འཐུས་ཚོས་ཤེས་རྟོགས་ཐུབ་པ་དང་། ལས་དོན་ཐོག་ཤུགས་སྣོན་ཡོང་ཆེད་སྤྱི་འཐུས་རྣམས་ལས་ཁུངས་སོ་སོར་བགོས་འགྲེམས་ཀྱིས་ལས་དོན་ཁུར་མཉམ་ལེན་ཞུ་དགོས་ཕེབས་པ་ལྟར་དབུས་གཙང་སྤྱི་འཐུས་རང་འཇགས་ཐོག་ཕྱི་ལོ་ ༡༩༦༤ ལོར་ཤེས་རིག་ལས་ཁུངས་ནང་ཁོང་དང་། དབུས་གཙང་སྤྱི་འཐུས་བསམ་མཁར་ཚེ་རིང་དབང་འདུས་ལགས་ནས་ལོ་གཅིག་རིང་བཀའ་བློན་ལས་རོགས་ཀྱི་ལས་ཁུར་གནང་། ཕྱི་ལོ་ ༡༩༦༥ ལོར་ཁོང་ཤེས་རིག་ནས་འཕོས་ཏེ་ཕྱི་སྲིད་ལས་ཁུངས་ནང་ཁོང་དང་། མདོ་སྨད་སྤྱི་འཐུས་བྱམས་པ་ཆོས་གྲགས་གཉིས་ནས་ལས་ཁུར་གནང་། ཕྱི་ལོ་ ༡༩༦༦ ཟླ་ ༩ ཚེས་ ༢ ནས་ཁོང་སླར་ཡང་བོད་མི་མང་སྤྱི་འཐུས་སྐབས་གསུམ་པའི་དབུས་གཙང་སྤྱི་འཐུས་སུ་མང་མོས་བསྐྱར་འདེམས་བྱུང་ཐོག་འཆར་ཕུལ་ཕྱག་རྟགས་དགོངས་དོན་ཚོགས་གཙོ་གཞོན་པའི་དམ་ཕུལ་ལས་ཁུར་གནང་། ཕྱི་ལོ་ ༡༩༦༨ ལོར་ཚོགས་གཞོན་རང་འཇགས་ཐོག་བལ་ཡུལ་ནང་གི་གནས་ཚུལ་ལྷིང་འཇགས་ཡོང་ཐབས་སུ་འཕྲལ་སེལ་བལ་དོན་ལས་འཁུར་ཞུ་གལ་དམིགས་བསལ་བཀའ་ཕེབས་ལྟར་ཆེད་བཅར་གནང་ནས་ལོ་གཅིག་ཙམ་རིང་སྤྱི་འཐུས་ཚོགས་གཞོན་མིང་ཐོག་ནས་ཕྱག་ལས་དང་ཕྱི་ལོ་ ༡༩༦༩ ཟླ་ ༩ ཚེས་ ༢ ནས་བོད་མི་མང་སྤྱི་འཐུས་སྐབས་བཞི་པར་འདེམས་བསྐོས་ལས་ཁུར་གནང་བཞིན་པ་ཁོང་བལ་ཡུལ་དོན་གཅོད་བསྐོ་བཞག་བསྐྱང་དོན་ཕྱི་ལོ་ ༡༩༧༢ བར་ལོ་ ༣ ཙམ་དང་། དེ་ནས་བལ་དོན་གསར་པ་དོན་གྲུབ་རྣམ་རྒྱལ་ལགས་བསྐོ་གཞག་དང་འབྲེལ་ཁོང་བཀའ་དགོངས་སློབ་སྟོན་པའི་མཚན་གནས་ཐོག་ཟླ་བརྒྱད་ཙམ་རིང་ལྷན་རྒྱས་ལས་ཁུར་གནང་། ཕྱི་ལོ་ ༡༩༧༣ ལོ་རྡ་ས་བཞུགས་སྒར་དུ་བཅར་སྐབས་སུ་ལ་དྭགས་ལྷོ་བྱང་སྤྱི་འདོམས་བསྐོ་གཞག་བསྩལ་ཟིན་ཐོན་ཉེའི་མཚམས་གློ་ཁུལ་བསྟན་སྲུང་དྭང་སློབ་འགོ་འཛིན་སྐུ་ཞབས་རྒྱ་རྡོ་དབང་འདུས་ལགས་གློ་བུར་ཕྱག་ལ་བརྡབས་སྐྱོན་གྱིས་སྨན་བཅོས་བྱ་དགོས་ལ་ཟླ་གཉིས་རིང་ཆ་ཕྲེང་སྐལ་བཟང་ཆོས་འཛིན་ལགས་ཅན་དང་མཉམ་དུ་གློ་ཁུལ་འགྲོ་གལ་བཀའ་ཕེབས་བཞིན་ཕྱི་ལོ་ ༡༩༧༣ ཟླ་ ༩ པའི་ནང་བསྐྱོད་དེ་རང་གཞུང་དང་། ལྡི་ལི་འབྲེལ་ཡོད་ལས་ཁུངས་ནས་བཀའ་མངགས་ཕེབས་དགོངས་ཞུ་སྒོ་དོན་ཚན་དྲུག་ཡོད་ཀྱི་ཁོངས་ནས་ལས་བྱེད་རྒྱས་བསྡུས་བྱ་རྒྱུ་ཙམ་མ་གཏོགས་དེ་མིན་ཚང་མ་ལེགས་སྒྲུབ་ཞུ་ཐབས་ཀྱི་གློའི་སྒྲིག་འཛུགས་དེ་བཞིན་བར་ལམ་དང་མི་འདྲ་བའི་ལྷིང་འཇགས་ཚགས་ཚུད་ཡར་རྒྱས་ཀྱི་ངོ་བོར་གྱུར་ཀྱང་། རིང་པོར་མ་སོང་བར་སྤྱི་དོན་ལས་ལམ་དུ་མ་ལྷོངས་པའི་རྐྱེན་ངན་དེ་བཞིན་བྱུང་བ་རེད། ཕྱི་ལོ་ ༡༩༧༤ ཟླ་ ༥ པའི་ནང་བཀའ་དགོངས་ལ་དྭགས་ལྷོ་བྱང་སྤྱི་འདོམས་བསྐོ་གཞག་མཛད་པ་ལྟར་ལས་ཁུར་ལོ་གཉིས་ཙམ་རིང་གནང་། ཕྱི་ལོ་ ༡༩༧༧ ལོར་ལ་དྭགས་ནས་བཞུགས་སྒར་དུ་ཕྱིར་ཕེབས་ཀྱིས་རྡ་སྟེང་བདེ་སྲུང་ཡན་ལག་གི་འགན་འཛིན་བསྐོ་གཞག་གནང་དོན་ལས་ཁུར་གནང་།

ཕྱི་ལོ་ ༡༩༧༨ ལོ་བཀའ་དགོངས་མའེ་སོར་ལུགས་བསམ་གླིང་གཞིས་འགོར་བསྐོ་གཏོང་བསྐྱངས་པ་ལྟར་བསྐྱོད་དེ་ཁུལ་དེར་ནང་རྩོད་ཟིང་ཆ་ཅི་ཆེའི་སྐབས་འཁེལ་ལ་གདོང་ལེན་ཐབས་མཁས་རིམ་གནང་གིས་མཐར་ཚང་མ་བདེ་འཇགས་སུ་གནས་ཐུབ་པའི་ལས་ཁུར་ལོ་གཉིས་ཙམ་ལེགས་པར་གནང་།  ཕྱི་ལོ་ ༡༩༨༠ ལོ་བཞུགས་སྒར་དུ་བཅར་ནས་བཀའ་དགོངས་རང་ཡུལ་བོད་ནས་རང་རིགས་མཇལ་ཞུ་གཉེན་འཕྲད་ཕེབས་མི་ཚོར་སྣེ་ལེན་ཞུ་མིའི་བཞུགས་སྒར་དབུས་སྣེ་ལེན་ཚོགས་ཆུང་གསར་འཛུགས་བསྐྱངས་པའི་འགན་འཛིན་གྱི་ལས་ཁུར་ཟླ་ཤས་གནང་རྗེས་སླར་ཡང་བདེ་སྲུང་ཡན་ལག་འགན་འཛིན་བསྐོ་གཞག་གནང་དོན་ལས་ཁུར་ཞུས་པ་བཅས། ཁྱོན་གཞིས་བྱེས་གཉིས་སུ་ཞི་དྲག་སྲི་ཞུ་མི་ལོ་བཞི་བཅུ་ཐམ་པའི་རིང་གནང་རྗེས། ཕྱི་ལོ་ ༡༩༨༣ ལོར་བགྲེས་ཡོལ་ཞུས་བསྩལ་གྱིས་རྡ་ས་བཞུགས་སྒར་ལྷ་རྒྱལ་རིའི་བགྲེས་ཤག་ཏུ་བཞུགས་མུས་ཐོག་ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༢༠ ཡི་ཉིན་རྒྱབ་སྐུ་ཚེའི་འཕེན་པ་རྫོགས་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།།