བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་རྒྱུན་ལས་རྣམས་དཔལ་ས་སྐྱའི་ཁྲི་འཛིན་ཞེ་གཉིས་པའི་ཁྲི་འདོན་མཛད་སྒོར་གཞུང་འབྲེལ་ཆེད་བཅར་གནང་བ།

17201067_1185495891549340_653451659083797911_n

ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༨ ཉིན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྤྱི་འཐུས་རྒྱུན་ལས་ཁག་རྡ་ས་ནས་ཕེབས་ཐོན་གནང་སྟེ། ཚེས་ ༩ ཉིན་སྔ་དྲོ་སྤུ་རུ་ཝ་ལ་དཔལ་ས་སྐྱའི་མ་དགོན་དུ་འབྱོར། ས་སྐྱ་༧གོང་མ་རིན་པོ་ཆེའི་གདུང་སྲས་བགྲེས་པ་འཁོན་གདུང་རཏྣ་བཛྲ་རིན་པོ་ཆེ་མཆོག་ས་སྐྱའི་ཁྲི་འཛིན་ ༤༢ པའི་མཚན་གསོལ་ཞུ་བའི་མཛད་སྒོར་དུང་རྒྱ་སྤོས་སྣེས་གདན་ཞུ་དང་བཅས་བཞུགས་ཁྲིར་འཁོད་མཚམས་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། ཆོས་རིག་བཀའ་བློན་མཆོག ཁྲིམས་ཞིབ་པ་ཆེ་བ་མཆོག་བཅས་ནས་མནྡལ་རྟེན་གསུམ་འདེགས་འབུལ་དང་མཇལ་ཁ་ཞུས། དེ་རྗེས་སྤྱི་འཐུས་རྣམ་པ་དང་སྐུ་མགྲོན་གཞན་རྣམས་ནས་རྟེན་གསུམ་འདེགས་འབུལ་དང་མཇལ་ཁ་ཞུས། དཔལ་ས་སྐྱ་པའི་ལུགས་གཉིས་ཀྱི་གསེར་ཁྲིར་མངའ་གསོལ་དང་བརྟན་བཞུགས་བསྟར་འབུལ་གྱི་མཛད་སྒོ་ཟབ་རྒྱས་ཤིག་ཚོགས་ཡོད། མཛད་སྒོའི་ཐོག་ཆེད་དུ་བཅར་བའི་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་དང་། རྒྱ་གར་གཞུང་གི་དཔོན་རིགས། དེ་བཞིན་དད་ལྡན་སེར་སྐྱ་མི་མང་ ༦༠༠༠ ཡས་མས་འཛོམས་ཡོད་འདུག

17201297_1185092688256327_1043922777973386620_n

དེ་ཡང་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ་དང་སྟབས་བསྟུན་དད་ལྡན་སེར་སྐྱ་མང་ཚོགས་ནས་ས་སྐྱ་གོང་མ་རཏྣ་བཛྲ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། རིན་པོ་ཆེ་མཆོག་ནས་སེར་སྐྱ་མི་མང་ལ་ཆོས་རྗེ་ས་པཎ་གྱིས་མཛད་པའི་ཐུབ་པ་དགོངས་གསལ་གྱི་ཆོས་འབྲེལ་བཀའ་དྲིན་བསྐྱངས་ཡོད་པ་རེད། ཕྱི་ཚེས་ ༡༡ ཉིན་ས་སྐྱ་སྨོན་ལམ་ཐེབས་རྩའི་གོ་སྒྲིག་འོག་ས་སྐྱའི་སེར་སྐྱ་མི་མང་ནས་སྐྱབས་མགོན་༧གོང་མ་བདག་ཁྲི་ ༤༡ པ་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་བརྟན་བཞུགས་བསྟར་འབུལ་ཞུས་ཏེ་ཁྲི་འདོན་ལེགས་པར་གྲུབ་ཡོད་པ་རེད།

 

17191161_1184771498288446_1131644968017569619_n

༧གོང་མ་རཏྣ་བཛྲ་རིན་པོ་ཆེ་འམ་ངག་དབང་ཀུན་དགའ་བློ་གྲོས་དབང་ཕྱུག་རིན་ཆེན་འཇིགས་མེད་འཕྲིན་ལས་མཆོག་ནི་གདུང་སྲས་གཉིས་ཀྱི་ནང་ནས་བགྲེས་པ་དེ་ཡིན་ཞིང་། ཕྱི་ལོ་ ༡༩༧༤ ཟླ་ ༡༡ ཚེས་༡༩ ཉིན་རྒྱ་གར་བྱང་ཕྱོགས་རྡེ་ར་རྡུན་དུ་སྐུ་འཁྲུངས་ཤིང་། སྐུ་ན་ཆུང་བའི་དུས་ནས་ཡབ་རྗེ་ས་སྐྱ་༧གོང་མ་ཁྲི་འཛིན་ ༤༡ པ་ཆེན་པོ་མཆོག་གིས་དབུས་མཁས་གྲུབ་མཚན་ལྡན་བླ་མ་མང་པོའི་མདུན་ནས་དབང་ལུང་མན་ངག་ཐོབ་པ་མ་ཟད།  ཕྱི་ལོ་ ༡༩༩༠ ལོར་ས་སྐྱ་མཐོ་སློབ་དུ་སློབ་ཞུགས་མཛད་དེ་མཁན་པོ་ལེགས་བཤད་ཀུན་དགའི་དྲུང་ནས་བཀའ་པོད་ལྔའམ་གཞུང་ཆེན་བཅུ་གསུམ། གྲགས་ཆེན་བཅོ་བརྒྱད་ཐོག་གསན་བསམ་རྒྱ་ཆེ་མཛད། ཕྱི་ལོ་ ༡༩༩༨ ལོར་གཞུང་ལུགས་རབ་འབྱམས་ལ་མཁས་པའི་དབང་པོར་གྱུར་ནས་བཀའ་བཅུ་པའི་མཚན་གནས་ཀྱི་གཟེངས་བསྟོད་བཞེས་གནང་ཡོད་པ་རེད།

hh

དཔལ་ས་སྐྱ་༧གོང་མ་བདག་ཁྲི་རིན་པོ་ཆེ་ ༤༡ པ་མཆོག་ནས་དཔལ་ས་སྐྱའི་ཁྲི་འཛིན་ལམ་ལུགས་ཐད་ལོ་རྒྱུས་རང་བཞིན་གྱི་ལེགས་བཅོས་མཛད་རྒྱུའི་བཀའ་དགོངས་ཕེབས་པ་ལྟར།  ཕྱི་ལོ་ ༢༠༡༤ ལོའི་ཟླ་ ༥ ཚེས་ ༨ ཉིན། ས་སྐྱའི་སྒྲོལ་མ་ཕོ་བྲང་དང་ཕུན་ཚོགས་ཕོ་བྲང་རྣམ་གཉིས་ཞལ་འཛོམས་ཀྱིས་མཁྱེན་ཡོན་མཐར་ཕྱིན་པའི་ཕོ་བྲང་གཉིས་ཀྱི་གདུང་སྲས་སྐུ་ན་བགྲེས་རིམ་བཞིན་དུས་ཡུན་ལོ་གསུམ་རེར་ས་སྐྱའི་གསེར་ཁྲིར་ཕེབས་རྒྱུ་གཏན་འབེབས་མཛད་ཡོད་པ་དང་། ད་ལན་སྐྱ་སའི་ཁྲི་འཛིན་ལམ་ལུགས་ལེགས་བཅོས་མཛད་རྗེས་ཀྱི་ཁྲི་འདོན་མཛད་སྒོ་ཐོག་མ་དེ་ཆགས་ཡོད་པའི་གནས་ཚུལ་དུ།།

17200897_1184813744950888_526854676576886395_n

17190351_1185094104922852_5734360128763422009_n