བོད་མི་མང་སྤྱི་འཐུས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་བཞི་པའི་ལས་དོན་མཇུག་བསྒྲིལ་བ།

༄༅། །དཔལ་ལྡན་བོད་མི་མང་སྤྱི་འཐུས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཡིག་ཆ་ཨང་༢༩ དགོངས་དོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དུམ་བུ་གཉིས་པའི་དོན་ཚན་ ༡༢༠།༡༢༡ ནང་གསལ་རྩིས་ཞིབ་སྙན་ཐོ་ཁག་ལ་ཞིབ་འཇུག་མཇུག་སྐྱོང་དུས་ཐོག་ཞིབ་ཚགས་ཡོང་ཆེད་དུ་མང་ཚོགས་རྕིས་ཁྲའི་ཚོགས་ཆུང་ཞིག་བསྐོ་འཛུགས་དགོས་པ་ལྟར་ཚོགས་ཆུང་གི་མི་འགྲོར་སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་དང་། སྤྱི་འཐུས་བསོད་ནམས་དགྲ་འདུལ། སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན། སྤྱི་འཐུས་སློབ་དཔོན་བསོད་ནམས་བསྟན་འཕེལ། སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོ་བཅས་ལ་དམིགས་འཛུགས་བསྐོ་གཞག་གནང་།

བོད་མི་མང་སྤྱི་འཐུས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་བཞི་པའི་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་དང་། ཚོགས་དྲུང་སྤྱི་འཐུས་སློབ་དཔོན་བསོད་ནམས་བསྟན་འཕེལ་གཉིས་ལ་ཚོགས་ཆུང་ནས་སྤྱི་མོས་བྱུང་བ་དང་། ཚོགས་ཆུང་གིས་བཙན་བྱོལ་བོད་གཞུང་ལས་ཁུངས་མ་ལག་དང་། ཟུར་སྐྱོང་སྡེ་ཚན་དང་བཅས་པའི་སྡེ་ཚན་གྲངས་ ༡༦༠ ཡི་གཙོ་བོ་རྩིས་ལོ་ ༢༠༠༧།༠༨ ལོའི་རྩིས་ཞིབ་སྙན་ཐོ་དང་དེ་དག་གི་ལན་འདེབས་བཅས་ལ་ཞིབ་འཇུག་ལེགས་པ་གྲུབ་སྟེ་གྲུབ་དོན་སྙན་ཐོ་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་ ༡༡ པར་འབུལ་རྒྱུ་ཡིན་འདུག ཚོགས་ཆུང་གི་སྙན་ཐོ་ཤོག་གྲངས་ ༡༦༦ ཡོད་པར་ཚོགས་ཆུང་གི་རྒྱབ་གཉེར་དང་མུ་མཐུད་མཇུག་སྐྱོང་དགོས་པ་དོན་ཚན་གྲངས་ ༥༤༢ ཡོད་འདུག