བོད་མི་མང་སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་དང་། སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་ཐར་མཆོག་རྣམ་གཉིས་ནས་ཅེ་ན་ཡའི་དང་། ཨོ་རོ་ཝི་ལེ། པོན་ཌི་ཅེ་རིའི་ཁུལ་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་བ།

༄༅། ། བོད་མི་མང་སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་དང་། སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་ཐར་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༢༥  ནས་ ༢༨ བར་ཅེ་ན་ཡའི་ཁུལ་ལ་གནས་བཞུགས་བོད་དོན་རྒྱབ་སྐྱོར་བ་དང་། ཨ་རི་དང་ཐེ་ཝན་གཞུང་ཚབ་ཁང་གི་གནད་ཡོད་མི་སྣ་མཇལ་འཕྲད་དང་། བོད་རིགས་སློབ་མ་རྣམས་ལ་ཐུག་འཕྲད། པོན་ཌི་ཅེ་རིའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་། མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་སོགས་མཇལ་འཕྲད་ཀྱིས་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་ཅེ་ན་ཡའི་དང་། ཨོ་རོ་ཝི་ལེ། པོན་ཌི་ཅེ་རིའི་བཅས་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་༩ ཚེས་ ༢༥ ཉིན་སྔ་དྲོ་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་ཅེ་ན་ཡའི་  (Chennai) ལ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་མཚམས། ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་སྣེ་ལེན་ཞུས།དགོང་དྲོ་ཆུ་ཚོད་ ༧ པའི་ཐོག་ས་གནས་སུ་མི་ལོ་ཧྲིལ་པོ་ཉི་ཤུའི་རིང་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་དང་། ས་གནས་བོད་པའི་མཐོ་སློབ་སློབ་ཕྲུག་རྣམས་ཀྱི་འགན་ཁུར་གཙོ་བོ་བཞེས་མཁན་ལྕམ་སྐུ་ཨ་ཤ་རེ་ཌི་ (Asha Reddy)  མཆོག་གིས་བོད་མི་མང་སྤྱི་འཐུས་རྣམ་གཉིས་ལ་དགོང་དྲོའི་གསོལ་སྟོན་ཞིག་བཤམས་པ་དང་།  སྐབས་དེར་སྤྱི་འཐུས་རྣམ་གཉིས་ནས་ལྕམ་སྐུ་ཁོང་གིས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་དང་། ས་གནས་སུ་ཡོད་པའི་བོད་པའི་སློབ་ཕྲུག་ཚོར་མཐུན་འགྱུར་རོགས་རམ་གནང་བར་བཀའ་དྲིན་ཆེ་ཞུས་པ་དང་སྦྲགས། འབྱུང་འགྱུར་ཡང་མུ་མཐུད་དེ་ལྟར་རོགས་རམ་གནང་རྒྱུའི་རེ་སྐུལ་ཞུས་རྗེས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་ཤིག་ཕུལ་གནང་འདུག

ཕྱི་ཚེས་ ༢༦ ཉིན་སྔ་དྲོ་བོད་དོན་རྒྱབ་སྐྱོར་བ་དང་།  བོད་ཀྱི་གྲོགས་པོ་ཚོགས་པའི་ཚིགས་མི། ཡེ་ཤི་ཆོས་དཔོན་སྐུ་ཞབས་མེ་ཁེལ་ཧ་བྷར་ཌེ་ (Michael Hubert) ལགས་དང་། མ་དི་ར་སི་གཙུག་ལག་སློབ་གཉེར་ཁང་གི་སྤྱི་ཚོགས་ཚན་རིག་གི་སློབ་དཔོན་འབུམ་རམས་པ་སྐུ་ཞབས་ར་མུ་མ་ནི་ལྦན་ (Ramu Manivannan) ལགས། ལྕམ་སྐུ་ཨ་ཤ་རེ་ཌི་ (Asha Reddy) ལགས།  ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ (D.V.Dhasaratha sha) མཆོག་དང་ལས་བྱེད་གསུམ་བཅས་ལྷན་དུ་བོད་ཀྱི་གནད་དོན་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་དགོས་དམིགས། དེ་བཞིན་མ་འོངས་པའི་ལས་འཆར་སོགས་ཀྱི་ཐོག་བཀའ་བསྡུར་གནང་བ་དང་། དགོང་དྲོ་ས་གནས་བོད་ཀྱི་སྨན་རྩིས་ཁང་གི་སྨན་པ་དང་ལས་བྱེད།   མཐོ་སློབ་འགྲིམས་བཞིན་པའི་བོད་ཀྱི་སློབ་ཕྲུག་རྣམས་ཐུག་འཕྲད་ཀྱིས་སྤྱི་འཐུས་རྣམ་གཉིས་ནས་གསུང་བཤད་གནང་གྲུབ་མཚམས་སློབ་ཕྲུག་རྣམ་པའི་དོགས་འདྲི་ཁག་ལ་ལན་འདེབས་ཞུས་རྗེས། རྒྱ་གར་ཁྲིམས་རྩོད་པ་སྐུ་ཞབས་ཨར་ཝི་ཌི་ (Mr. Arvind) མཆོག་དང་མཇལ་འཕྲད་ཀྱིས་བོད་ཀྱི་གནས་བབ་དང་། ས་གནས་ཁྲིམས་ལུགས།   བོད་མིའི་བདེ་སྡུག་གནས་སྟངས་སོགས་ཀྱི་ཐོག་ཕན་ཚུན་བཀའ་བསྡུར་གནང་འདུག

ཕྱི་ཚེས་ ༢༧ ཉིན་རྒྱ་གར་རྒྱལ་ཡོངས་འཕྲུལ་རིག་གཙུག་ལག་སློབ་གཉེར་ཁང་ (Indian Institute of Technology – Madras)  གི་རྒྱ་ནག་ཉམས་ཞིབ་སྡེ་ཚན་ནས་སྤྱི་འཐུས་རྣམ་པ་གཉིས་གདན་ཞུས་ལྟར།  མཐོ་སློབ་འགན་འཛིན་མཁས་དབང་ཇོ་ཏི་མཱ་ཡཱ་ ཏི་རི་པཱ་ཏི་ (Dr Jyotimaya Tripathy) མཆོག་དང་།    འབྲེལ་མཐུད་པ་མཐོ་སློབ་ཀྱི་ཉམས་ཞིབ་སློབ་མ་ (Madhura Balasubramaniam) ལགས་དང་ (Gokul K.S) ལགས་རྣམ་གཉིས་ནས་སྣེ་ལེན་དང་། དེ་རྗེས་དགེ་སློབ་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་གཉིས་མཐོ་སློབ་ནང་ཕེབས་པར་དགའ་བསུ་དང་སྦྲགས།  ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཚན་དེང་རབས་བོད་ཀྱི་ངོ་སྤྲོད་ཅེས་པ་གསར་འཇུག་གནང་ཡོད་པའི་སྐོར་དང་། ད་ལྟའི་ཆར་སློབ་ཚན་དེར་ཉམས་ཞིབ་གནང་མཁན་སློབ་མ་ཉི་ཤུ་ལྷག་ཙམ་ཡོད་པའི་སྐོར་ངོ་སྤྲོད་གནང་། དེ་ནས་ལྷོ་སྤྱིས་སྤྱི་འཐུས་རྣམ་པ་གཉིས་ངོ་སྤྲོད་གནང་རྗེས།  སྤྱི་འཐུས་མཁན་པོ་ཀཿ  བྲག་དངོས་གྲུབ་བསོད་ནམས་མཆོག་གིས་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དང་། ད་ལྟའི་བོད་ཀྱི་གནས་བབ།   བོད་ནང་འཕྲད་བཞིན་པའི་དཀའ་ངལ་སོགས་ཀྱི་ཐོག་གསུང་བཤད་དང་། སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་ཐར་མཆོག་གིས་རྒྱལ་སྤྱིའི་ནང་བོད་ཀྱི་གནས་བབ་དང་། རྒྱ་གར་དབུས་ས་གཉིས་ནས་བཙན་བྱོལ་བོད་མི་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་གནང་བའི་སྐོར་སོགས་ཀྱི་གསུང་བཤད་གནང་རྗེས།   སློབ་མ་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་དང་། ༧གོང་ས་མཆོག་གི་ཡང་སྲིད་སྐོར།  རྒྱ་ནག་གི་སྲིད་བྱུས་སོགས་ཀྱི་ཐོག་དོགས་འདྲི་གནང་བར་སྤྱི་འཐུས་རྣམ་པས་ལན་འདེབས་གསལ་བཤད་གནང་འདུག

དེ་རྗེས་ཅེ་ན་ཡའི་ལ་རྟེན་གཞི་བྱས་པའི་ཐེ་ཝན་གཞུང་ཚབ་ཁང་གི་སྤྱི་ཁྱབ་དྲུང་ཆེ་བྷེན་ ཝང་ (Director General  Ben Wang) མཆོག་དང་། འགན་འཛིན་ཇུ་ལཡེ་ནཱ་ (Director Juliana Chin) མཆོག་རྣམ་གཉིས་དང་ལྷན་མཇལ་འཕྲད་ཀྱིས་ཆུ་ཚོད་གཅིག་ལྷག་རིང་བོད་དོན་སྐོར་བཀའ་བསྡུར་ལྷུགས་པོ་གནང་རྗེས། སྤྱི་འཐུས་རྣམ་པར་ཐེ་ཝན་གཞུང་ཚབ་ཁང་ནས་ཉིན་གུང་གསོལ་ཚིགས་གོ་སྒྲིག་གནང་བ་དང་། སྐབས་དེར་སྤྱི་ཁྱབ་དྲུང་ཆེ་་མཆོག་དང་ལྷན་གསོལ་ཚིགས་བཞེས་ཞོར་བོད་ཀྱི་གནད་དོན་ཐོག་མུ་མཐུད་བཀའ་བསྡུར་ལྷུག་པོ་གནང་བ་དང་།  སྤྱི་འཐུས་རྣམ་པ་གཉིས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་ཕུལ་གནང་འདུག

 

དེ་རྗེས། སྤྱི་འཐུས་རྣམ་པ་གཉིས་ནས་ཨ་རིའི་གཞུང་ཚབ་ཁང་ལ་ཕེབས་ཏེ། དེ་གའི་སྤྱི་ཁྱབ་མགྲིན་ཚབ་པ་ལྕམ་སྐུ་ཇུ་དྷི་ཏི་ ར་ཝན་ (Consul General Of The United States America Judith Ravin) མཆོག་དང་། ཆབ་སྲིད་དཔལ་འབྱོར་གྱི་འགན་འཛིན་ཝིར་ས་ པར་ཀིན་ས་ (Political Economic Chief Virsa Perkins)མཆོག ཨ་རིའི་ཆབ་སྲིད་དང་དཔལ་འབྱོར་ཆེད་ལས་པ་མཁས་དབང་ གྷི་ཏཱ་ གྷོ་པལ་ཀེརི་ཤི་ནཱ་ (Political And Economic Specialist Geetha Gopalkrishna) མཆོག་བཅས་དང་ལྷན་དུ་མཇལ་འཕྲད་གནང་སྟེ་ཆུ་ཚོད་གཅིག་ཙམ་རིང་བོད་དོན་སྐོར་བཀའ་བསྡུར་གནང་། ལྕམ་སྐུ་ཇུ་དྷི་ཏི་ ར་ཝན་ མཆོག་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་ཕུལ་གནང་འདུག

ཕྱི་ཚེས་ ༢༨ ཉིན་སྔ་དྲོ་ཅེ་ན་ཡེ་ནས་པོན་ཌ་ཅ་རིར་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་མཚམས། ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་དྷ་ཝན་(Mr. Adhvan (ITFS)Puducherry) ལགས་ཀྱིས་སྣེ་ལེན་དང་སྦྲགས།  པོན་ཌི་ཅེ་རིའི་ཧིན་རྡུ་དགོན་པ་ (Aurobindo Ashram Pondicherry)  ཡི་འགན་འཛིན་མཆོག་དང་མཇལ་འཕྲད་སྦྲགས། མཆོད་དཔོན་མཆོག་གིས་བརྩམས་གནང་བའི་ཕྱག་དཔེ་གཉིས་སྤྱི་འཐུས་རྣམ་གཉིས་ལ་དགའ་ཚོར་ངང་ཆོས་སྦྱིན་དུ་གནང་།  དེ་ནས་སྤྱི་འཐུས་རྣམ་གཉིས་ཀྱིས་པོན་ཌི་ཅེ་རིའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་རང་གྷ་སོ་ཝ་མི་(Shri. N. Rangaswamy, Chief Minister of Pondicherry) མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་ཀྱི་གནད་དོན་སྤྱི་དང་། བཙན་བྱོལ་བོད་མིའི་གནས་སྟངས་སྐོར་སོགས་ཆུ་ཚོད་གཅིག་ཙམ་རིང་བཀའ་བསྡུར་ལྷུག་པོ་གནང་།

དེ་རྗེས་སྤྱི་འཐུས་རྣམ་པ་པོན་ཌི་ཅེ་རིའི་བོད་མིའི་འབྲེལ་མཐུད་པ་ཨ་ཅག་པདྨ་ལགས་ཀྱིས་ཁོང་གི་གཟིམ་ཤག་ཏུ་གདན་ཞུས་སྣེ་ལེན་ཟབ་རྒྱས་གནང་བ་དང་། དགོང་དྲོ་པོན་ཌི་ཅེ་རིའི་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་སྐུ་ཞབས་ (Shri. Embalam R. Selvam) མཆོག་དང་ལྷན་མཇལ་འཕྲད་དང་། དེ་ནས་སྤྱི་འཐུས་རྣམ་པ་གཉིས་ཨོ་རོ་ཝེ་ལི་བོད་ཀྱི་ཤེས་ཡོན་ལྟེ་གནས་ཁང་(Tibet Pavilion – Auroville) དུ་དེ་གའི་་འགན་འཛིན་ཨ་ཅག་སྐལ་བཟང་ལགས་ཀྱིས་སྣེ་ལེན་དང་སྦྲགས། ས་གནས་སུ་གནས་སྡོད་བོད་མི་ཁག་ཅིག་དང་ལྷན་དུ། དེ་གའི་གནས་སྟངས་སོགས་རྒྱུས་ལོས་གནང་རྗེས།  རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་ཅེ་ན་ཡའི་དང་། ཨོ་རོ་ཝི་ལེ། པོན་ཌི་ཅེ་རིའི་བཅས་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་ཡོད་པ་དང་། མུ་མཐུད་ས་གནས་གཞན་ཁག་ནང་ལས་རིམ་སྐྱོང་མུས་ཡིན་པ་བཅས། །