བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་། སྤྱི་འཐུས་ཀུན་དགའ་བསོད་སྟོབས་མཆོག་རྣམ་གཉིས་ནས་རྒྱ་གར་བྱང་ཤར་ན་གྷ་ལན་ཌིའི་མངའ་ཁོངས་དྷི་མ་པུར་དང་ཀོ་ཧི་མར་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་བ།

༄༅། ། བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་། སྤྱི་འཐུས་ཀུན་དགའ་བསོད་སྟོབས་མཆོག་རྣམ་གཉིས་ནས་རྒྱ་གར་བྱང་ཤར་ཤིས་ལོངས་དང་། ཨ་རུ་ན་ཅལ་མངའ་ཁོངས་ཀྱི་བོད་མིའི་སྡོད་གནས་བསྟན་འཛིན་སྒང་གཞིས་ཆགས་དང་། འབུམ་སྡེ་ལ། བྱང་། རྟ་དབང་བཅས་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གྲུབ་མཚམས། ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༨ ནས་ ༩ བར་ན་གྷ་ལན་ཌི་མངའ་ཁོངས་དྷི་མ་པུར་དང་། ཀོ་ཧི་མ་བཅས་ས་གནས་གཉིས་ཀྱི་བོད་རིགས་མང་ཚོགས་ཐུག་འཕྲད་དང་། ས་གནས་བོད་མིའི་ཚོང་ར་དང་། བོད་ཀྱི་སྐད་ཡིག་འཛིན་གྲྭ། ས་གནས་རང་བདེན་ཚོགས་ཆུང་གི་ལས་ཁུངས་སོགས་ལ་གཟིགས་སྐོར་གནང་སྟེ། ཐེངས་འདིའི་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་རིམ་ཡོངས་སུ་ལེགས་གྲུབ་བྱུང་ཡོད།

དེ་ཡང་ཕྱི་ཚེས་ ༨ ཉིན་སྤྱི་འཐུས་རྣམ་པ་གཉིས་རྒྱ་གར་བྱང་ཤར་ཨ་སམ་མངའ་ཁོངས་ཏེ་ཛུ་པུར་ནས་ཕེབས་ཐོན་གནང་སྟེ། ཉིན་གུང་ན་གྷ་ལན་ཌི་མངའ་ཁོངས་དྷི་མ་པུར་དུ་ཕེབས་འབྱོར་མཚམས། དྷི་མ་པུར་ས་གནས་རང་བདེན་ཚོགས་གཙོ་དང་རྒྱུན་ལས། དྷི་མ་པུར་བོད་མིའི་སྐྱིད་སྡུག་ཚོགས་པའི་ཚོགས་གཙོ། ཕ་མའི་ལྷན་ཚོགས་ཀྱི་རྒྱུན་ལས་རྣམས་ནས་སྣེ་ལེན་ཞུས།  ཉིན་རྒྱབ་སྤྱི་འཐུས་རྣམ་པ་གཉིས་དྷི་མ་པུར་བོད་མིའི་ཕྲུ་གུ་རྣམས་ཀྱི་བོད་ཡིག་འཛིན་གྲྭར་ཆེད་བཅར་གྱིས་བོད་ཀྱི་སྐད་ཡིག་ཤེས་དགོས་པའི་གལ་གནད་སྐོར་གསུང་བཤད་གནང་བ་དང་།  དེ་རྗེས་དྷི་མ་པུར་ས་གནས་རང་བདེན་ཚོགས་ཆུང་གི་ལས་ཁུངས་དང་། སྐྱིད་སྡུག་ཚོགས་པ། ས་གནས་བོད་མིའི་ཚོང་ར་བཅས་ལ་གཟིགས་སྐོར་གནང་ཡོད་འདུག

ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྣམ་པ་གཉིས་དྷི་མ་པུར་ས་གནས་རང་བདེན་ཚོགས་ཆུང་དང་། ས་གནས་བོད་མིའི་སྐྱིད་སྡུག་གི་རྒྱུན་ལས་རྣམས་དང་ལྷན་ཀོ་ཧི་མར་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་མཚམས། ས་གནས་བོད་མིའི་སྐྱིད་སྡུག་གི་གཉེར་པ་དང་འཐུས་མི་བཅས་ནས་སྣེ་ལེན་ཞུས། དེ་རྗེས་སྤྱི་འཐུས་རྣམ་པ་གཉིས་ནས་ཀོ་ཧི་མར་ས་གནས་བོད་མི་རྣམས་ལ་བོད་མི་རིགས་ཀྱི་ངོ་བོ་མ་བརླག་པའི་ཐོག་ནས་བོད་དོན་བདེན་མཐའ་གསལ་ཐབས་སུ་བོད་མི་ཡོད་དོ་ཅོག་གིས་འགན་འཁུར་བཞེས་ཕྱོགས་སྐོར་ལ་གསུང་བཤད་གནང་བ་མ་ཟད། མི་མང་གི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག ས་གནས་བོད་མིའི་སྐྱིད་སྡུག་ཚོགས་པ་ནས་འགན་འཁུར་ཆེ་བཞེས་ཀྱིས་བོད་ཕྲུག་ཚོར་བོད་ཡིག་འཛིན་འཛིན་གྲྭ་ཚུགས་ཐབས་དང་། རེས་གཟའ་ལྷག་པ་ནམ་ཡིན་ལ་ལྷག་དཀར་སྲུང་བརྩི་ཞུ་མུས་ཡིན་པ་མ་ཟད། རྣམ་ཀུན་བོད་མིའི་སྒྲིག་འཛུགས་ནས་བཀོད་མངགས་གང་གནང་སྒྲུབ་བཞིན་པ་ཡིན་འདུག

ཉིན་རྒྱབ་ཀོ་ཧི་མ་ནས་ཕེབས་ཐོན་གནང་སྟེ། དགོང་དྲོ་ས་གནས་དྷི་མ་པུར་ལ་འབྱོར་རྗེས། ས་གནས་མི་མང་དང་ལྷན་ཚོགས་འདུ་ཚོགས་པའི་ཐོག སྤྱི་འཐུས་རྣམ་གཉིས་ནས་བོད་ནང་གི་ཛ་དྲག་གནས་སྟངས་དང་།  བོད་དོན་བདེན་མཐའ་གསལ་ཐབས་སུ་བོད་མི་མི་རེ་ངོ་རེ་ནས་འགན་འཁུར་བཞེས་ཕྱོགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན། རྒྱལ་སྤྱིའི་ནང་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་བཅས་ཀྱི་ཐོག་གསུང་བཤད་དང་། དེ་བཞིན་མང་ཚོགས་ཀྱི་དྲི་བ་དང་། དགོངས་འཆར་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད། གཞན་ཡང་དྷི་མ་པུར་ས་གནས་རང་བདེན་ཚོགས་ཆུང་རིམ་བྱོན་ནས་ད་བར་ལས་དོད་ཉིན་དོད་རྩ་བ་ནས་ཞུས་མྱོང་མེད་པར་དང་བླངས་ཐོག་ཕྱག་ལས་གནང་བཞིན་ཡོད་པ་དང་། ས་གནས་རང་བདེན་ཚོགས་ཆུང་གི་ཁང་གླ་ཡང་ས་གནས་མི་མང་ནས་གནང་བཞིན་འདུག་པ་མ་ཟད། དྷི་མ་པུར་ས་གནས་སུ་གཞུང་འབྲེལ་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་སུ་ཕེབས་ལ་བཞུགས་གནས་མགྲོན་ཁང་དང་ཞལ་ལག་ནར་གཏོང་གིས་འགྲོ་སོང་ཆ་ཚང་མི་མང་ནས་གནང་དང་གནང་མུས་ཀྱི་ལམ་སྲོལ་བཟང་པོ་ཡོད་པ་དེར། བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ནས་དྷི་མ་པུར་ས་གནས་བོད་མི་ཚང་མར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་གནང་ཡོད་འདུག་པ་བཅས། །