བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་མཆོག་རྣམ་གཉིས་ནས་མེའོ་ཆོས་འཕེལ་གླིང་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་གནང་འགོ་བཙུགས་པ།


༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༨ པའི་ཚེས་ ༡༤ ཉིན་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་མཆོག་རྣམ་གཉིས་ཏི་ཛུ་དར་རྒྱས་གླིང་གཞིས་ཆགས་ནས་ཕེབས་ཐོན་གྱིས་མེའོ་ཆོས་འཕེལ་གླིང་གཞིས་ཆགས་སུ་ཕེབས་འབྱོར་སྐབས། མེའོ་ཆོས་འཕེལ་གླིང་ས་གནས་འགོ་འཛིན་གྱིས་དབུས་པའི་ལས་ཁུངས་ཀྱི་ལས་བྱེད་རྣམ་པ། ས་གནས་འཐུས་ཚོགས། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་གཙོས་པསི་ཚོགས་མི་རྣམ་པ། ས་གནས་འཕྲོད་བསྟེན་དང་སྨན་རྩིས་ཁང་གི་འགན་འཛིན་རྣམ་པ། སློབ་གྲྭའི་དགེ་ཆེ། ས་གནས་གཞོན་ནུ་དང་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་རྣམ་པ། མཉམ་འབྲེལ་དྲུང་ཆེ། གྲོང་སྡེ་ལྔའི་འཐུས་མི་རྣམ་པ་བཅས་ནས་ཕེབས་བསུའི་མཇལ་དར་སྒྲོན་འབུལ་དང་། གསོལ་ཇ་སོགས་འདེགས་འབུལ་ཞུས་གནང་འདུག

ཉིན་རྒྱབ་གཞིས་དགོན་པད་མ་ཆོས་གླིང་གནས་གཟིགས་གནང་རྗེས། རིམ་པས་ས་གནས་འགོ་འཛིན་ལས་ཁུངས་དང་། ས་གནས་བོད་ཀྱི་སྨན་རྩིས་ཁང་། ས་གནས་འཕྲོད་བསྟེན་སྨན་ཁང་། རྒས་གསོ་ཁང་། ས་གནས་མཉམ་འབྲེལ་སྡེ་ཚག་ཁག་ལ་གཟིགས་སྐོར་ཕེབས་འདུག

ཕྱི་ཟླ་ ༨ པའི་ཚེས་ ༡༥ ཉིན་ས་གནས་སུ་རྒྱ་གར་རང་བཙན་ཐོབ་པའི་ཉིན་མོ་སྲུང་བརྩིའི་མཛད་སྒོར་མཉམ་ཞུགས་གནང་འདུག་པ་བཅས་རིམ་པས་ལས་རིམ་ཁག་མུ་མཐུད་ནས་བསྐྱང་འཆར་ཡོད་པ་བཅས།