༄༅། ། བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་དང་སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༨ ནས་ ༡༡ བར་རྒྱ་གར་བྱང་ཤར་མེ་གྷ་ལ་ཡ་མངའ་སྡེའི་རྒྱལ་ས་ཤིས་ལོངས་ཁུལ་ལ་རྒྱ་གར་དཔོན་རིགས་མཇལ་འཕྲད་དང་། ས་གནས་བོད་མིའི་འདུ་སྡོད་ཁག་ལ་གཟིགས་སྐོར། མི་མང་གི་བདེ་སྡུག་གཟིགས་ཞིབ་སོགས་ཤིས་ལོངས་ཁུལ་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ལེགས་གྲུབ་བྱུང་ཡོད་པ་རེད།
དེ་ཡང་ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༧ ཉིན་བོད་མི་མང་སྤྱི་འཐུས་རྣམ་གཉིས་རྒྱལ་ས་ལྡི་ལིར་ལྷན་འཛོམས་དང་། ཕྱི་ཚེས་ ༨ ཉིན་གྱི་ཞོགས་པར་ལྡི་ལི་ནས་གྷོ་ཝ་ཧ་ཀྲིར་ཕེབས་ཐོན་གྱིས་ཕྱི་དྲོ་ཆུ་ཚོད་ ༣།༣༠ ཐོག་ཨ་སམ་མངའ་སྡེའི་གྷོ་ཝ་ཧ་ཀྲིའི་གནམ་ཐང་དུ་ཕེབས་འབྱོར་བྱུང་ཞིང་། སྐབས་དེར་ཤིས་ལོངས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་ཚེ་རིང་ཆོས་འཕེལ་ལགས་ཀྱིས་སྣེ་ལེན་ཕེབས་བསུ་ཞུས་འདུག
གནམ་ཐང་ནས་ཆུ་ཚོད་གཅིག་ལྷག་ཕེབས་ཐོན་གྱིས་ནམ་རྒྱུན་རྒྱ་གར་དབུས་གཞུང་ནང་སྲིད་ལྷན་ཁང་གི་གོ་སྒྲིག་འོག་གནད་ཡོད་མི་སྣ་ཞག་སྡོད་བྱ་སའི་མགྲོན་ཁང་དུ་ཕེབས་འབྱོར་མཚམས། ཕྱི་དྲོ་ཆུ་ཚོད་ ༥ །༣༠ ཐོག་ས་གནས་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་རྣམས་དང་ལྷན་དུ་དྲི་བ་དྲིས་ལན་གྱི་ལས་རིམ་བསྐྱངས་ཤིང་། སྐབས་དེར་སྤྱི་འཐུས་རྣམ་གཉིས་ནས་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་དང་། ཡར་ཀླུང་གཙང་པོ་སོགས་བོད་ནས་བབས་པའི་ཆུ་བོ་ཁག་གིས་རྒྱ་གར་དང་། ཨེ་ཤེ་ཡར་གལ་གནད་ཇི་ཙམ་ཆགས་ཀྱི་ཡོད་མེད། བོད་ཀྱི་བདེན་མཐའ་གསལ་ཐུབ་ན་རྒྱ་གར་ལའང་ཁེ་ཕན་ཇི་ལྟར་ཡོད་མེད། དེ་བཞིན་ད་ལྟའི་ཆར་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱབ་སྐྱོར་དང་། བོད་དོན་འཐབ་རྩོད་གནང་ཕྱོགས་སོགས་ཀྱི་སྐོར་ལ་དྲི་བ་གནང་བར་ལན་འདེབས་དང་། དགོངས་ཚུལ་བརྗེ་ལེན་ལྷུགས་པོ་གནང་ཡོད་འདུག
ཕྱི་ཚེས་ ༩ ཉིན་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་ས་གནས་འགྲོ་ཕན་བོད་ཀྱི་ཡན་ལག་སྨན་རྩིས་ཁང་ལ་གཟིགས་སྐོར་ཕེབས་ཤིང་། སྐབས་དེར་འགན་འཛིན་སྨན་པ་དང་། ལས་བྱེད་བཅས་ནས་ཕེབས་བསུ་དང་འབྲེལ། སྨན་ཁང་ནང་གཟིགས་སྐོར་དང་། དེ་རྗེས་སྐར་མ་ ༣༠ ལྷག་ཙམ་རིང་སྨན་པ་དང་ལས་བྱེད་བཅས་ཀྱི་ལྷན་དུ་སྨན་ཁང་གི་ད་ལྟའི་གནས་བབ་དང་། མ་འོངས་ཁ་ཕྱོགས་སོགས་ཀྱི་སྐོར་ལ་བཀའ་བསྡུར་དང་དགོངས་ཚུལ་བརྗེ་ལེན་གནང་རྗེས་བཞུགས་གནས་མགྲོན་ཁང་དུ་ཕེབས་ཐོན་གནང་།
ཉིན་གུང་ཆུ་ཚོད་ ༡།༢༥ ཐོག་ཤིས་ལོངས་ས་གནས་འགོ་འཛིན་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་མགྲོན་ཁང་དུ་ཕེབས་འབྱོར་སྐབས། ས་གནས་དེར་ཡོད་པའི་བོད་དགོན་དགའ་ལྡན་ཆོས་གླིང་གི་མཁན་པོ་དང་ཕྱག་མཛོད། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་གཙོས་པའི་ས་འཐུས་རྣམ་པ། བོད་རང་དབང་བདེན་པའི་ལས་འགུལ་ཚོགས་པའི་ཚོགས་གཙོ། སློབ་གྲྭའི་སློབ་སྤྱི། ས་གནས་འོས་བསྡུའི་ཚོགས་གཙོ། ས་གནས་གཞོན་ནུ་ཚོགས་གཙོ། ས་གནས་བུད་མེད་ཚོགས་གཙོ། སྤྱི་མི་བཅས་ཀྱིས་ཕེབས་བསུ་ཞུས་གནང་འདུག
དགོང་དྲོ་ཆུ་ཚོད་ ༥།༣༠ ཐོག་སྤྱི་འཐུས་རྣམ་གཉིས་ནས་རྒྱ་གར་བྱང་ཤར་མེ་གྷ་ལ་ཡ་མངའ་སྡེའི་གཞུང་གི་ལྷན་ཁང་ཁག་བཞིའི་བློན་ཆེན་སྐུ་ཞབས་ཨེ་ལེཀ་ཛན་ཌར་ ལ་ལོ་ ཧེཀ་ (hri Alexander Laloo Hek, Minister of Animal Husbandry & Veterinary, Fisheries, Printing & Stationery, Secretariat Administration) མཆོག་དང་ལྷན་མཇལ་འཕྲད་གནང་ཞིང་། སྐབས་དེར་བློན་ཆེན་མཆོག་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་བོད་དང་བོད་མིའི་མགྲིན་ཚབ་ (Voice for the Voiceless) ཞེས་པའི་ཕྱག་དེབ་ཕུལ་བ་དང་སྦྲགས། བོད་དོན་ཐོག་སྔར་བཞིན་རྒྱབ་སྐྱོར་གནང་རྒྱུའི་རེ་སྐུལ་ཞུས་པ་དང་། དེ་བཞིན་མངའ་སྡེའི་གསར་ཁང་ Doordarshan གཙོས་གསར་ཁང་ཁག་ལ་བོད་དོན་ཐོག་དྲི་བ་དྲིས་ལན་བཅས་གནང་འདུག
ཕྱི་ཚེས་ ༡༠ ཉིན་སྔ་དྲོ་ཆུ་ཚོད་ ༩།༠༠ པའི་ཐོག་ས་གནས་སློབ་གྲྭར་གཟིགས་སྐོར་དང་འབྲེལ། དགེ་སློབ་དང་། ཕ་མ་བཅས་ལ་གསུང་བཤད་གནང་བ་དང་། ཆུ་ཚོད་ ༡༡།༠༠ ཐོག་བོད་དགོན་དགའ་ལྡན་ཆོས་གླིང་དུ་གནས་གཟིགས་ཕེབས་ཤིང་། སྐབས་དེར་དགོན་པའི་མཁན་པོ་དང་། དགེ་འདུན་པ་རྣམ་པས་སྣེ་ལེན་ཕེབས་བསུ་དང་བཅས་དགོན་པར་མཆོད་མཇལ་དང་། དེ་རྗེས་ཕྱག་མཛོད་ཁང་དུ་གསོལ་ཇ་འདེགས་འབུལ་དང་། དགོན་པའི་ལས་དོན་དང་འབྲེལ་བའི་སྐོར་ལ་བཀའ་བསྡུར་གནང་འདུག
ཉིན་རྒྱབ་ཆུ་ཚོད་ ༢།༠༠ པའི་ཐོག་ས་གནས་འགོ་འཛིན་ལས་ཁུངས་སུ་གཟིགས་སྐོར་དང་། དགོང་དྲོ་ཆུ་ཚོད་ ༧།༠༠ པའི་ཐོག སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཆེན་པོ་ཞུ་མཁན་དང་། བོད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་གནང་མཁན་མེ་གྷ་ལ་ཡ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སན་བྷོར་ཤུ་ལཡེ་ (Shri Sanbor Shullai, Member of the Meghalaya Legislative Assembly) མཆོག་དང་ལྷན་མཇལ་འཕྲད་ཀྱིས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་བོད་དང་བོད་མིའི་མགྲིན་ཚབ་ (Voice for the Voiceless) ཅེས་པའི་ཕྱག་དེབ་ཕུལ་བ་དང་སྦྲགས། མངའ་སྡེའི་གྲོས་ཚོགས་འཐུས་མི་ཁོང་གིས་དུས་ཡུན་རིང་པོར་བོད་དོན་ཐོག་རྒྱབ་སྐྱོར་གནང་བ་དང་། ལྷག་པར་དུ་ས་གནས་སུ་གནས་སྡོད་བོད་མི་ཚོའི་བདེ་སྡུག་ཞུས་ཁག་ལ་གཟིགས་སྐྱོང་མཐུན་འགྱུར་གང་ཐུབ་གནང་བ་བཅས་ལ་ཐུགས་རྗེ་ཆེ་ཞུས་པ་དང་། སླད་མར་ཡང་སྔར་བཞིན་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་དང་། ས་གནས་བོད་མི་ཚོར་མཐུན་འགྱུར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་གནང་འདུག
ཕྱི་ཚེས་ ༡༡ ཉིན་སྔ་དྲོ་ཆུ་ཚོད་ ༩།༠༠ པའི་ཐོག་ས་གནས་འཐུས་ཚོགས་ལས་ཁུངས་དང་། ས་གནས་རང་བདེན་ཚོགས་ཆུང་ལས་ཁུངས་བཅས་ལ་གཟིགས་སྐོར་དང་། དེ་རྗེས་ཆུ་ཚོད་ ༡༠།༣༠ ཐོག་ས་གནས་མང་ཚོགས་ལ་གསུང་བཤད་དང་། མང་ཚོགས་ཀྱི་དྲི་བར་ལན་འདེབས་གསལ་བཤད་གནང་། ཆུ་ཚོད་ ༡༢།༣༠ ཐོག་ས་གནས་ཚོགས་པ་ཁག་ནས་ཕྱོགས་ཕེབས་སྤྱི་འཐུས་རྣམ་གཉིས་ལ་ཉིན་གུང་གསོལ་སྟོན་བཤམས་རྗེས། ཆུ་ཚོད་ ༣།༠༠ པའི་ཐོག་ཤིས་ལོངས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་ཚེ་རིང་ཆོས་འཕེལ་ལགས་ཀྱིས་ཕེབས་སྐྱེལ་དང་བཅས་དགོང་དྲོ་ཆུ་ཚོད་ ༦།༠༠ པའི་ཐོག་གྷོ་ཝ་ཧ་ཀྲིར་ཕེབས་འབྱོར་བྱུང་ཡོད་པ་བཅས།