བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་རྣམ་གཉིས་ནས་ཅན་དྷི་གྷར་དང་། ཨམ་བྷ་ལ་སུད་ཚོང་ས་གནས་སུ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ།

༄༅། ། བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༢ ཚེས་ ༩ ནས་ ༡༠ བར་ཉིན་གྲངས་གཉིས་རིང་ཅན་དྷི་གྷར་དང་། ཨམ་བྷ་ལ་བོད་མིའི་སུད་ཚོང་ས་གནས་གཉིས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་ཡོད།

ཧར་པ་སྤུར་འདོད་རྒུ་གཡུལ་རྒྱལ་གླིང་གཞིས་ཆགས་ཁྱབ་ཁོངས་དང་བཅས་པར་ལས་རིམ་ཁག་ལེགས་པར་གྲུབ་རྗེས། ཕྱི་ཚེས་ ༨ ཉིན་སྤྱི་འཐུས་རྣམ་པ་གཉིས་ཅན་དྷི་གྷར་དུ་ཕེབས་ཐོན་གནང་ཞིང་། དགོང་དྲོ་ས་གནས་སུ་འབྱོར་མཚམས། ཅན་དྷི་གྷར་མཐོ་སློབ་ཀྱི་སློབ་ཕྲུག་བསྟན་འཛིན་གྲགས་པ་ལགས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས་གནང་ཡོད་འདུག

ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྣམ་པ་གཉིས་ཅན་དྷི་གྷར་ས་གནས་སྨན་རྩིས་ཁང་ལ་གཟིགས་སྐོར་ཕེབས་ཤིང་། དེའི་སྐབས་སྨན་པ་ཚེ་རིང་བཅོ་ལྔ་ལགས་དང་། ལས་བྱེད་རྣམས་ཀྱི་ལྷན་སྨན་རྩིས་ཁང་གི་གནས་བབ་སྐོར་བཀའ་བསྡུར་དང་།

དེ་རྗེས། བདེ་ལེགས་སྨན་ཁང་གི་ནད་པའི་ངལ་གསོ་ཁང་དང་། སངས་རྒྱས་སྨན་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ནད་པའི་ངལ་གསོ་ཁང་བཅས་གཉིས་ལ་གཟིགས་སྐོར་གནང་ཡོད།

སངས་རྒྱས་སྨན་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ནད་པའི་ངལ་གསོ་ཁང་དུ་ཕེབས་སྐབས། དེ་གའི་འགན་འཛིན་བློ་བཟང་ལགས་དང་། ལས་བྱེད་རྣམ་པས་སྣེ་ལེན་དང་སྦྲགས། ཚོགས་པའི་ལོ་རྒྱུས་དང་། ལས་དོན་གནང་ཕྱོགས་ཐོག་སྙན་སེང་ཞུས་གནང་འདུག

ཕྱི་དྲོ་སྤྱི་འཐུས་རྣམ་པ་གཉིས་ནས་ཅན་དྷི་གྷར་ས་གནས་གཞོན་ནུའི་ཚོགས་གཙོ་དང་། བོད་པའི་མཐོ་སློབ་སློབ་ཕྲུག་ལྷན་དུ་བསམ་ཚུལ་བརྗེ་ལེན་གྱི་ཚོགས་འདུ་ཞིག་ཚོགས་གནང་འདུག

ཕྱི་ཚེས་ ༡༠ ཉིན་སྔ་དྲོ་སྤྱི་འཐུས་རྣམ་པ་གཉིས་ཨམ་བྷ་ལ་བོད་མིའི་སུད་ཚོང་ས་གནས་སུ་ཕེབས་ཐོན་གྱིས་དེ་གར་འབྱོར་མཚམས། ལྡི་ལི་ས་གནས་འགོ་འཛིན་རྡོ་རྗེ་ཚེ་རིང་ལགས་དང་། སུད་ཚོང་ཚོགས་པའི་འགན་འཛིན་བསོད་ནམས་ལགས། བོད་མི་སུད་ཚོང་བ་རྣམས་ཀྱིས་ཕེབས་བསུ་ཞུས་གནང་འདུག

དེ་ནས་ས་གནས་བོད་མིའི་ཁྲོམ་ས་ཁག་ལ་གཟིགས་སྐོར་གནང་རྗེས། བོད་མི་སུད་ཚོང་བ་རྣམས་འདུ་འཛོམས་ཐོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསུང་བཤད་དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་གིས་བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་གྱི་གནས་བབ་དང་། བཙན་བྱོལ་ནང་གི་གནས་བབ་བཅས་ཀྱི་ཐོག་གསུང་བཤད་དང་། མང་ཚོགས་ཀྱི་དྲི་བར་ལན་འདེབས་གསལ་བཤད།

དེ་བཞིན་མི་མང་འདུ་འཛོམས་ཐོག་ཨམ་བྷ་ལ་ས་གནས་ཀྱི་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཞོན་མཆོག་ཕེབས་ཡོད་པར། སྤྱི་འཐུས་རྣམ་གཉིས་ནས་སྐུ་ཞབས་ཁོང་ལ་འཚམས་འདྲི་དང་། ཐུགས་རྗེ་ཆེ་ཞུས་གནང་འདུག

དེ་བཞིན་རྒྱ་གར་གཞུང་གི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ ཡི་དགོངས་དོན་གཞིར་བཟུང་། མངའ་སྡེ་ནས་ས་གནས་བོད་མི་ཁྱིམ་ཚང་ ༢༨ ལ་སྡོད་ཁང་གི་མཐུན་སྦྱོར་ལས་གཞིར་གཟིགས་ཞིབ་དང་། སྔ་ལོར་ཨམ་བྷ་ལར་བོད་མིའི་ཁྲོམ་སར་མེ་སྐྱོན་བྱུང་བའི་སུད་ཚོང་བོད་མི་རྣམས་དང་ལྷན་ཐུག་འཕྲད་ཀྱིས་ཕན་ཚུན་དགོངས་ཚུལ་བརྗེ་ལེན་གནང་འདུག དེ་རྗེས་ལྡི་ལི་ས་གནས་འགོ་འཛིན་ལྷན་དུ་ལྡི་ལིར་ཕྱིར་ཕེབས་ཀྱིས་ཐེངས་འདིའི་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཡོངས་སུ་ལེགས་གྲུབ་བྱུང་ཡོད་པ་བཅས། །