བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་རྣམ་གཉིས་ཧར་པ་སྤུར་འདོད་རྒུ་གཡུལ་རྒྱལ་གླིང་གཞིས་ཆགས་ཁྱབ་ཁོངས་དང་བཅས་པར་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ།

༄༅། ། བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༢ ཚེས་ ༧ ནས་ ༨ བར་ཉིན་གྲངས་གཉིས་རིང་ཧར་པ་སྤུར་འདོད་རྒུ་གཡུལ་རྒྱལ་གླིང་གཞིས་ཆགས་དང་། ཁྱབ་ཁོངས་ས་གནས་ཁེ་ར་གཞིས་གྲོང་དང་། བ་ལུ་ཝ་ལ། སེ་ལ་ཀུ་བཅས་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ལེགས་གྲུབ་བྱུང་ཡོད།

ཀུམ་རའོ་སྒ་པ་གཞིས་ཆགས་ཀྱི་ལས་རིམ་ཁག་ལེགས་པར་གྲུབ་རྗེས། ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོ་ཧར་པ་སྤུར་ས་གནས་འགོ་འཛིན་སྒྲོལ་མ་ཚེ་རིང་ལགས་ཀྱིས་སྣེ་ལེན་ཞུས་པའི་ཐོག སྤྱི་འཐུས་རྣམ་པ་གཉིས་ཀུམ་རའོ་སྒ་པ་གཞིས་ཆགས་ནས་ཧར་པ་སྤུར་གཞིས་ཆགས་སུ་ཕེབས་ཐོན་གནང་ཞིང་། ས་གནས་སུ་འབྱོར་མཚམས། ས་འཐུས་ཚོགས་གཙོ་དང་། ས་གནས་རང་བདེན་ཚོགས་གཙོ། མཉམ་འབྲེལ་ཚོགས་གཙོ། དགོན་པའི་དབུ་འཛིན། མི་མང་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་གནང་འདུག

དེ་རྗེས། རིམ་པས་ས་གནས་འཕྲོད་བསྟེན་སྨན་ཁང་དང་། ས་གནས་རང་ཚོགས་ལས་ཁུངས། ས་གནས་མཉམ་འབྲེལ་ལས་ཁུངས། ཚེ་སྒྲུབ་ལྷ་ཁང་ལ་མཆོད་མཇལ། ཁེ་ར་ཀེམ་གྱི་འཕྲོད་བསྟེན་སྨན་ཁང་། གོང་དཀར་ཆོས་སྡེ་དགོན་པར་མཆོད་མཇལ། རྡོ་རྗེ་ཚེ་རིང་ལགས་ཀྱིས་ཁེ་ར་གཞིས་གྲོང་མི་མང་ཆེད་མཆོད་རྟེན་གསར་རྒྱག་གནང་བཞིན་པའི་ལས་གཞི་བཅས་ལ་གཟིགས་སྐོར་དང་།

དེ་བཞིན་དམག་སྒར་ ༢༢ གྱི་རྒན་གསོ་ཁང་ལ་ཆེད་ཕེབས་ཀྱིས་དམག་ཟུར་རྣམས་དང་ལྷན་ཐུག་འཕྲད་གནང་ཡོད་འདུག

ཉིན་རྒྱབ་བ་ལུ་ཝ་ལ་དམག་ཟུར་གཞིས་ཆགས་སུ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་མཚམས། ཚོགས་པའི་ཚོགས་གཙོ་དང་། ས་འཐུས་ཚོགས་མི་བཅས་ཀྱིས་སྣེ་ལེན་དང་།

དེ་རྗེས་ཧར་པ་སྤུར་སམ་བྷོ་ཊ་ཉིན་སློབ་ནང་ཕེབས་སྐབས། དེ་གའི་དགེ་སློབ་ཡོངས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་རྗེས། སློབ་ཕྲུག་རྣམས་ཀྱིས་རིགས་ལམ་རྩོད་སྐབས་གཟིགས་ཞིབ་དང་། དགེ་སློབ་འདུ་འཛོམས་ཐོག་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་།

སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་གིས་བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་དང་། བཙན་བྱོལ་ནང་གི་གནས་བབ་བཅས་ཀྱི་ཐོག་གསུང་བཤད་དང་། ཚོགས་བཅར་བའི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་འདུག

ཕྱི་དྲོ་དམག་སྒར་ ༢༢ པའི་དམག་དཔོན་ཟུར་པ་དཔེ་ཀར་འཕྲིན་ལས་ལགས་ཀྱི་ནང་དུ་ཆེད་བཅར་གྱིས་ཁོང་དང་ལྷན་མཇལ་འཕྲད་དང་། དེ་ནས་སེ་ལ་ཀུའི་བོད་ཁྱིམ་དང་། བཟོ་རིག་སྒྱུ་རྩལ་བསྟི་གནས་ཁང་ལ་གཟིགས་སྐོར་ཕེབས་སྐབས། དེ་གའི་དགེ་ལས་ཡོངས་ནས་ཕེབས་བསུའི་སྣེ་ལེན་ཞུས་རྗེས། ༔

དགེ་ལས་འདུ་འཛོམས་ཐོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྐོར་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་།  སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་གིས་བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་དང་། བཙན་བྱོལ་ནང་གི་གནས་བབ་བཅས་ཀྱི་ཐོག་གསུང་བཤད་དང་། ཚོགས་བཅར་བའི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་འདུག

ཕྱི་ཚེས་ ༨ ཉིན་སྔ་དྲོ་ཧར་པ་སྤུར་ས་གནས་སྤྱི་ཁང་ནང་ས་གནས་མི་མང་འདུ་འཛོམས་ཐོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྐོར་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་།

སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་གིས་བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་དང་། བཙན་བྱོལ་ནང་གི་གནས་བབ་བཅས་ཀྱི་ཐོག་གསུང་བཤད་དང་། མང་ཚོགས་ཀྱི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་འདུག

དེ་ཉིན་སྔ་དྲོ་དམག་སྒར་ ༢༢ པའི་ཁྱབ་ཁོངས་དམག་ཟུར་ཡོངས་ལ་བཀའ་དྲིན་རྗེས་དྲན་གྱི་ལས་རིམ་ཞིག་གོ་སྒྲིག་ཞུས་པའི་ཐོག་སྤྱི་འཐུས་རྣམ་པ་གཉིས་ཆེད་ཕེབས་གནང་སྟེ།  རྒྱ་གར་རྒྱལ་ཡོངས་དམག་ཟུར་ཚོགས་པའི་ཚོགས་གཙོ་ཤེས་རབ་རྒྱ་མཚོ་ལགས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། འཚམས་འདྲིའི་མཇལ་དར་དང་། དྲན་རྟེན་ཕྱག་རྟགས་ཕུལ་གནང་ཡོད་འདུག

ཉིན་རྒྱབ་སེ་ལ་ཀུའི་བོད་ཁྱིམ་གྱི་བཟོ་རིག་སྒྱུ་རྩལ་བསྟི་གནས་ཁང་ལ་གཟིགས་སྐོར་གནང་རྗེས། ཧ་པ་སྤུར་ཁྱབ་ཁོངས་དང་བཅས་པར་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ལེགས་གྲུབ་བྱུང་སྟེ། ཧར་པ་སྤུར་ས་གནས་འགོ་འཛིན་གྱིས་ཕེབས་སྐྱེལ་ཐོག སྤྱི་འཐུས་རྣམ་པ་གཉིས་ཅན་དྷི་གྷར་དུ་ཕེབས་ཐོན་གནང་ཡོད་པ་བཅས། །