བོད་མི་མང་སྤྱི་འཐུས་དོན་འགྲུབ་བཀྲ་ཤིས་མཆོག་གིས་རྒྱ་གར་དབུས་གྲོས་ཚོགས་གོང་མའི་འཐུས་མི་དང་འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་བཅས་ལ་མཇལ་འཕྲད་གནང་བ།

རྒྱ་གར་དབུས་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཡེ་ཤེས་ལ་ཆུང་པ་ (Shri Hishey Lachungpa, MP of Rajya Sabha) མཆོག

༄༅། ། བོད་མི་མང་སྤྱི་འཐུས་དོན་འགྲུབ་བཀྲ་ཤིས་མཆོག་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༢༧ ཉིན་ནས་རྒྱ་གར་བྱང་ཤར་སྒང་ཏོག་དང་། ར་ཝང་ལ། ཀ་སྦུག་བཅས་སུ་གཞུང་འབྲེལ་ཕྱོགས་བསྐྱོད་དབུ་འཛུགས་གནང་ཡོད་པ་ལྟར། སྤྱི་འཐུས་མཆོག་གིས་ས་གནས་བོད་རིགས་མང་ཚོགས་ཐུག་འཕྲད་དང་། བོད་མིའི་འདུ་སྡོད་ཁག་ལ་གཟིགས་ཞིབ། རྒྱ་གར་དབུས་གྲོས་ཚོགས་གོང་མའི་འཐུས་མི་དང་། འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་བཅས་དང་ལྷན་མཇལ་འཕྲད་གནང་སྟེ་བོད་དོན་ཞུ་སྐུལ་བཅས་གནང་ཡོད་འདུག

འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཨ་རུན་ཀུ་མར་ཨུབ་རེ་ཊི་( Shri. Arun Kumar Upreti, Speaker of Sikkim Legislative Assembly) མཆོག

དེ་ཡང་སྤྱི་འཐུས་དོན་འགྲུབ་བཀྲ་ཤིས་མཆོག་ཕྱི་ཚེས་ ༢༧ ཉིན་གྱི་ཕྱི་དྲོར་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་བ་དང་། ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོར་ལྡི་ལི་ནས་མཁའ་ལམ་བརྒྱུད་སྒང་ཏོག་གནམ་ཐང་དུ་འབྱོར་སྐབས། སྒང་ཏོག་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་སྦྱིན་པ་ལགས་གཉིས་ཀྱིས་ཕེབས་བསུ་ཞུས་ཡོད་ཅིང་། ཕྱི་དྲོའི་ཆུ་ཚོད་ ༤།༠༠ ཐོག་སྒང་ཏོག་བོད་ཀྱི་གསོལ་མགྲོན་ཁང་དུ་འབྱོར་སྐབས། སྒང་ཐོག་ས་གནས་དབུས་གཙང་དང་། མདོ་སྟོད། མདོ་སྨད། གཞོན་ནུ་དང་། བུད་མེད། དབུ་མའི་ལམ་བཅས་ཀྱི་ཚོགས་པའི་ཚོགས་གཙོ་རྣམ་པ་དང་། རང་བདེན་ཚོགས་ཆུང་དང་། ས་གནས་འཐུས་ཚོགས། ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་བྱེད་རྣམ་པ་བཅས་ཀྱིས་མཇལ་དར་བསྣམས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་འདུག

སྒང་ཏོག་རྫོང་དཔོན་སྐུ་ཞབས་ར་གྷུལ་ (Ragul K IAS, District Collector, Gangtok) མཆོག

ཕྱི་ཚེས་ ༢༩ ཉིན་སྤྱི་འཐུས་མཆོག་ལ་བྱང་ལ་ཆེན་ལ་ཆུང་དང་། ཕྱི་ཚེས་ ༣༠ ཉིན་ལ་ཤར་རྒྱ་གར་དང་བོད་ཀྱི་ས་མཚམས་ན་སྟོད་ལ་བཅས་སུ་ཕྱོགས་བསྐྱོད་ཀྱིས་བོད་རིགས་ཁ་ཐོར་མི་མང་རྣམས་ཐུག་འཕྲད་གནང་སྟེ། ཆབ་སྲིད་གོ་རྟོགས་སྤེལ་བ་དང་ས་གནས་ཀྱི་གནས་སྟངས་ལ་རྒྱུས་ལོན་གཟིགས་ཞིབ་གནང་ཡོད་འདུག

ཕྱི་ཚེས་ ༣༠ ཉིན་གྱི་ཕྱི་དྲོར་རྒྱ་གར་དབུས་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཡེ་ཤེས་ལ་ཆུང་པ་ (Shri Hishey Lachungpa, MP of Rajya Sabha) མཆོག་དང་མཇལ་འཕྲད་གནང་སྟེ་སྤྱི་འཐུས་མཆོག་གིས། འབྲས་ལྗོངས་མངའ་གཞུང་གིས་བོད་མི་ཚོར་དམིགས་བསལ་གཟིགས་རྟོག་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་སྟེང་བཞག་པའི་ཝ་ཤིང་ཊོན་སྤྱི་བསྒྲགས་སྐོར་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་ (Bharat ratna) གནང་ཐུབ་རྒྱུར་འབད་བརྩོན་གནང་དགོས་པ་བཅས་ཞུས་ཡོད་འདུག

སྐབས་དེར་རྒྱ་གར་གྲོས་ཚོགས་འཐུས་མི་ཁོང་གིས། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་བོད་པ་ཙམ་མིན་པར་འབྲས་ལྗོངས་གཞུང་མང་གཉིས་ཀྱི་སྐྱབས་མགོན་ཡིན་པ་དང་། ཁོ་རང་སྒེར་ངོས་ནས་ཀྱང་ཏཱ་ལའི་བླ་མར་ཡིད་ཆེས་དད་པ་བརྟན་པོ་ཡོད་སྐོར། དེ་བཞིན། ༧གོང་ས་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་འབུལ་ཐབས་ལ་ཁོ་རང་གིས་དེ་སྔ་འབད་བརྩོན་གནང་ཡོད་པ་དང་། དམིགས་ཡུལ་མ་འགྲུབ་བར་མ་འོངས་པར་ཡང་མུ་མཐུད་ཤུགས་བརྒྱབ་རྒྱུ་ཡིན་སྐོར་སོགས་ཞལ་བཞེས་གནང་ཡོད་པ་མ་ཟད། སྒང་ཏོག་བོད་མི་ཚོ་བོད་པའི་དུས་ཆེན་ཁག་དང་བོད་པའི་ལས་འགུལ་ཁག་ནང་མཉམ་ཞུགས་གནང་གལ་ཆེ་སྐོར་དང་། ལྷག་པར་དུ་བོད་པའི་དུས་དྲན་དང་དུས་ཆེན་ ༤ སྟེ་གསུམ་བཅུའི་དུས་དྲན་དང་། བོད་མིའི་མང་གཙོའི་དུས་དྲན། ༧གོང་ས་མཆོག་གི་འཁྲུངས་སྐར། ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་ཉིན་མོ་སོགས་ལ་བོད་མི་ཚང་མ་མཉམ་ཞུགས་གནང་གལ་ཆེ་སྐོར། ཉེ་ལམ་སྐུ་ཞབས་ཁོང་སྒང་ཏོག་ས་གནས་བོད་མིས་གོ་སྒྲིག་ཞུས་པའི་༧གོང་ས་མཆོག་གི་༧སྐུའི་འཁྲུངས་སྐར་མཛད་སྒོར་ཕྱིན་སྐབས། བོད་མི་ཚོ་མཉམ་ཞུགས་གནང་བའི་གནས་སྟངས་སྐྱོ་བོ་ཡིན་པའི་མཐོང་ཚོར་བྱུང་ཚུལ་སོགས་གསུངས་ཡོད་འདུག

ཕྱི་ཚེས་ ༣༡ ཉིན་སྤྱི་འཐུས་མཆོག་གུ་རུའི་སྐུ་འབུམ་ལྷ་ཁང་དང་། རུམ་བཏེག་དགོན་པ། ཟུར་མང་དགོན་པ། སེ་ར་བྱེས་ཀྱི་དགོན་པ་བཅས་ལ་གནས་གཟིགས་ཕེབས་ཏེ། ཕྱོགས་བསྐྱོད་ལས་དོན་གྲུབ་རྗེས། ཉིན་གུང་བོད་ཀྱི་གསོལ་མགྲོན་ཁང་དུ་སྒང་ཏོག་ས་གནས་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཤཱར་མ་ (Dr.L.P.Sharma) ལགས་དང་མཇལ་འཕྲད་གནང་སྟེ། འཕགས་བོད་གཉིས་དབར་གྱི་འབྲེལ་ལམ་ཡར་རྒྱས་ཚགས་ཚུད་ཡོང་ཐབས་དང་། རྒྱ་གར་མི་མང་ནང་བོད་དོན་ཁྱབ་སྤེལ་ལ་ཤུགས་སྣོན་རྒྱག་དགོས་པའི་འབོད་སྐུལ་ཞུས་གནང་འདུག

ཕྱི་དྲོའི་ཆུ་ཚོད་ ༥ པའི་ཐོག་ཆོལ་གསུམ་ཚོགས་ཁང་དུ། སྒང་ཐོག་ས་གནས་བོད་རིགས་མི་མང་ལ་གསུང་བཤད་དང་། དྲི་བ་དྲིས་ལན་ཆུ་ཚོད་ ༢ ཙམ་རིང་གནང་ཡོད་པ་དང་། སྐབས་དེར་སྤྱི་འཐུས་མཆོག་གིས་བོད་དོན་གནས་བབ་དང་། གྲོས་ཚོགས་ཚོགས་དུས་བཞི་པའི་ལས་དོན་སྐོར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས། ༧གོང་ས་མཆོག་གི་མཛད་འཕྲིན་བཅས་ཀྱི་ཐོག་གསུང་བཤད་མདོར་བསྡུས་རེ་གནང་རྗེས། སྒང་ཏོག་དེ་བཞིན་བཙན་བྱོལ་བོད་མིའི་གཞིས་ཆགས་གཞན་དང་མི་འདྲ་བར་འབྲས་ལྗོངས་དང་བལ་ཡུལ་སོགས་མི་རིགས་གཞན་དང་ལྷན་གཉེན་སྒྲིག་དང་ཡུལ་མིའི་ལག་འཁྱེར་ཡོད་མཁན་མང་བ་དང་། ས་གནས་སུ་བོད་པའི་སློབ་གྲྭ་མེད་པ་བཅས་ཀྱི་དཀའ་ངལ་སྣ་མང་ལ་བརྟེན་བོད་པའི་མི་རིགས་གཙང་ཉར་དང་ངོ་བོ་སྲུང་སྐྱོབ། ཆོས་དང་རིག་གཞུང་བརྒྱུད་སྤེལ་སོགས་ལ་དཀའ་ངལ་ཆེ་སྟབས། མི་རབས་རྒན་པ་ཚོས་ད་བར་སྐུ་ངལ་བསྐྱོན་པ་ལྟར་ད་ལྟའི་ཕ་མ་ཚོས་སོ་སོའི་ཕྲུ་གུ་བོད་པའི་སློབ་གྲྭར་གཏོང་ཐུབ་དགོས་པ་དང་། དུས་རྒྱུན་བོད་སྐད་གཙང་མ་བཤད་དགོས་པ་དང་། བོད་ཆས་གྱོན་པ། བོད་པའི་དུས་ཆེན་དང་ལས་འགུལ་ཁག་ལ་མཉམ་ཞུགས་གནང་སྟེ། བོད་པའི་སྐད་ཡིག་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས། ཡ་རབས་བཟང་སྤྱོད་སོགས་ཀྱི་ཐད་མིག་དཔེ་བཟང་པོ་བསྟན་རྒྱུ་ཤིན་ཏུ་གལ་ཆེན་ཡིན་སྐོར་སོགས་གསུངས་ཡོད་འདུག

ཉིན་དེའི་དགོང་མོའི་ཆུ་ཚོད་ ༧ པའི་ཐོག་བཀྲ་ཤིས་བདེ་ལེགས་གསོལ་མགྲོན་ཁང་དུ། སྒང་ཏོག་ས་གནས་དབུས་གཙང་དང་། མདོ་སྟོད། མདོ་སྨད། གཞོན་ནུ། བུད་མེད། རང་བདེན་ཚོགས་ཆུང་བཅས་ཚོགས་པ་དྲུག་ཐུན་མོང་གིས་སྤྱི་འཐུས་མཆོག་ལ་ཕེབས་བསུའི་གསོལ་ཚིགས་རྒྱས་པ་ཞིག་འདེགས་འབུལ་ཞུས་ཡོད་འདུག

ཕྱི་ཟླ་ ༡༡ ཚེས་ ༡ ཉིན་སྤྱི་འཐུས་མཆོག་ས་སྐྱ་ངོར་དགོན་པར་གནང་གཟིགས་གནང་རྗེས། སྔ་དྲོའི་ཆུ་ཚོད་ ༡༡ ཐོག་འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཨ་རུན་ཀུ་མར་ཨུབ་རེ་ཊི་ (Shri. Arun Kumar Upreti, Speaker of Sikkim Legislative Assembly) མཆོག་དང་མཇལ་འཕྲད་གནང་སྟེ་བོད་དོན་སྐོར་ལ་བཀའ་མོལ་གནང་ཡོད་པ་དང་། ཉིན་རྒྱབ་སྒང་ཏོག་རྫོང་དཔོན་སྐུ་ཞབས་ར་གྷུལ་ (Ragul K IAS, District Collector, Gangtok) མཆོག་དང་མཇལ་འཕྲད་གནང་སྟེ། སྒང་ཏོག་ས་གནས་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། མ་འོངས་པར་མུ་མཐུད་ས་གནས་བོད་མི་ཚོར་མཐུན་འགྱུར་རོགས་རམ་གནང་རྒྱུར་འབོད་སྐུལ་ཞུས་ཡོད་འདུག ཕྱི་དྲོ་རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་དང་། བོད་ཀྱི་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་། སྒོ་བརྒྱབ་ཟིན་པའི་སྒང་ཏོག་ཐོན་མི་སཾ་བྷོ་ཊ་གཏན་སློབ་ཀྱི་ས་ཁང་། དེ་བཞིན། སྒང་ཏོག་ས་གནས་འགོ་འཛིན་ལས་ཁུངས་དང་འཕྲོད་བསྟེན་སྨན་ཁང་བཅས་ལ་གཟིགས་སྐོར་གནང་ཡོད་འདུག

ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢ ཉིན་ནས་སྤྱི་འཐུས་མཆོག་ར་ཝང་ལ་ཕྱོགས་སུ་ཕེབས་ཐོན་གྱིས་མུ་མཐུད་བོད་རིགས་མི་མང་ཐུག་འཕྲད་དང་། བདེ་སྡུག་གཟིགས་ཞིབ། དེ་བཞིན་ས་གནས་དཔོན་རིགས་མཇལ་འཕྲད་བཅས་གནང་རྒྱུ་ཡིན་པ་བཅས། །

རྣམ་རྒྱལ་བོད་ཀྱི་རིག་གཞུང་ཉམས་ཞིབ་ཁང་གི་དྲུང་ཆེ་ཤངས་པ་རིན་པོ་ཚེ་པདྨ་དབང་རྒྱལ་རིག་འཛིན་ (NIT Secretary, Pema Wangyal Rinzing)མཆོག