བོད་མི་མང་སྤྱི་འཐུས་དོན་འགྲུབ་བཀྲ་ཤིས་མཆོག་དང་སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་རྣམ་གཉིས་ནས་ཨ་རུ་ན་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་། མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སོགས་མཇལ་འཕྲད་ཀྱིས་ཐེངས་འདིའི་རྒྱ་གར་བྱང་ཤར་ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་བྱུང་བ།


༄༅། །བོད་མི་མང་སྤྱི་འཐུས་དོན་འགྲུབ་བཀྲ་ཤིས་མཆོག་དང་སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་རྣམ་གཉིས་ནས་རྒྱ་གར་བྱང་ཤར་ཨ་རུ་ན་ཅཱལ་མངའ་སྡེའི་རྒྱལ་ས་ཨི་ཊ་ན་གྷར་ཁུལ་དུ་འཚམས་གཟིགས་དང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་། མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སོགས་གནད་ཡོད་མི་སྣ་རྣམ་པར་མཇལ་འཕྲད་གནང་བ་བཅས་ཐེངས་འདིའི་གཞུང་འབྲེལ་འཚམས་གཟིགས་རྣམས་ལེགས་གྲུབ་བྱུང་ཡོད།

དེ་ཡང་ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༨ ཉིན་བོད་མི་མང་སྤྱི་འཐུས་དོན་འགྲུབ་བཀྲ་ཤིས་མཆོག་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་རྣམ་གཉིས་ཀྲུ་ཀྲིང་ས་གནས་འགོ་འཛིན་གྱི་ཕེབས་སྐྱེལ་འོག་ (Pasighat) ལ་ཕེབས་འབྱོར་གནང་སྟེ། དེར་ཞག་སྡོད་གནང་ཡོད་པ་དང་། ཚེས་ ༩ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢།༣༠ ཐོག་སྤྱི་འཐུས་རྣམ་གཉིས་ཨ་རུ་ན་ཅཱལ་མངའ་སྡེའི་རྒྱལ་ས་ཨི་ཊ་ན་གྷར་དུ་ཕེབས་འབྱོར་སྐབས། བསྟན་འཛིན་སྒང་ས་གནས་འགོ་འཛིན་གཡང་སྒྲུབ་ལགས་ཀྱིས་ཕེབས་བསུ་ཞུས་ཡོད་པ་དང་། དེ་ནས་ཨི་ཊ་ན་གྷར་གྱི་མགྲོན་ཁང་ (Hotel Arun Subansire) མདུན་དུ་ཨི་ཊ་ན་གྷར་ཁུལ་གྱི་བོད་རིགས་ཚོང་པ་ཚོས་ཁ་བཏགས་བསྣམས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་འདུག

ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་ཨ་རུ་ན་ཅཱལ་མངའ་གཞུང་ཆོས་རིག་ལྷན་ཁང་ (Religion and Cultural Affairs) གི་འགན་འཛིན་སྐུ་ཞབས་འཇམ་དཔལ་དབང་འདུས་(Jamphel Wangdue)མཆོག་ལ་མཇལ་འཕྲད་གནང་སྟེ། སྤྱི་འཐུས་རྣམ་གཉིས་ཀྱིས་འཚམས་གཟིགས་ལས་དོན་སྐོར་ངོ་སྤྲོད་དང་འབྲེལ། བོད་དོན་ལ་རྒྱབ་སྐྱོར་དང་། ཨ་རུ་ན་ཅཱལ་ཁུལ་གྱི་བོད་མི་ཚོར་མཐུན་འགྱུར་རོགས་རམ་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་ཡོད་འདུག སྐབས་དེར་སྐུ་ཞབས་འཇམ་དཔལ་དབང་འདུས་མཆོག་གིས་ཁོང་གི་པ་ལགས་བོད་པར་ཤ་ཚ་དང་། བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་སྐོར་དང་འབྲེལ་ཏེ། ཁོང་གིས་དུས་རྒྱུན་དྷ་རམ་ས་ལའི་བོད་མིའི་སྒྲིག་འཛུགས་ལ་ཐུགས་སྣང་གནང་གི་ཡོད་སྐོར་དང་། བཙན་བྱོལ་སྤྱི་ཚོགས་ནང་ཆོལ་ཁ་ཆོས་ལུགས་འཐེན་འཁྱེར་ཏོག་ཙམ་ཡོང་གི་ཡོད་པ་དང་། ལྷག་དོན་ཉེ་ལམ་དྷ་རམ་ས་ལར་ལབ་གླེང་མང་པོ་ཞིག་བྱུང་བ་དེ་དག་ནི་བློ་ཕམ་གྱི་རང་བཞིན་ཡིན་སྐོར་སོགས་གསུངས་ཡོད་འདུག

ཕྱི་དྲོའི་ཆུ་ཚོད་ ༤ པའི་ཐོག་ཨ་རུ་ན་ཅཱལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཤཱི་རེ་པ་སངས་རྡོ་རྗེ་མཚོ་སྣ་ (Shri Passang Dorjee Sona) མཆོག་གིས་སྤྱི་འཐུས་རྣམ་གཉིས་ལ་མཇལ་འཕྲད་གནང་སྟེ་ཆུ་ཚོད་ ༡ ལྷག་རིང་བཀའ་མོལ་ཞིབ་ལྷུག་བྱུང་ཡོད་པ་དང་། སྐབས་དེར་སྤྱི་འཐུས་རྣམ་གཉིས་ཀྱིས་གོང་བཞིན་ཐེངས་འདིའི་འཚམས་གཟིགས་སྐོར་ངོ་སྤྲོད་དང་འབྲེལ། སྤྱིར་རྒྱ་གར་གཞུང་དང་། ཡང་སྒོས་ཨ་རུ་ན་ཅཱལ་གཞུང་མང་གཉིས་ཀྱིས་བོད་དོན་དང་བོད་མིར་རྒྱབ་སྐྱོར་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་པ་དང་། མ་འོངས་པར་ཡང་མུ་མཐུད་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་གནང་ཡོད་འདུག


སྐབས་དེར་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་མཆོག་གིས། སྤྱི་འཐུས་རྣམ་གཉིས་ཕེབས་པར་དགའ་པོ་བྱུང་བ་དང་། ཉིན་དེར་རེས་གཟའ་ཉི་མ་འཁེལ་ཏེ་གསོལ་ཚིགས་ཤིག་ལ་ཕེབས་ཡོད་ཀྱང་བར་གསེང་ནས་དུས་ཚོད་བཏོན་ཏེ། ཆེད་དུ་བོད་མི་མང་སྤྱི་འཐུས་རྣམ་གཉིས་ལ་མཇལ་འཕྲད་ཞུ་བར་བཅར་བ་ཡིན་སྐོར་གསུངས་པ་དང་། ༧གོང་ས་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱིས་ཨ་རུ་ན་ཅཱལ་ཁུལ་གྱི་གྲྭ་བཙུན་དང་སློབ་ཕྲུག དེ་བཞིན་རིག་གཞུང་སྡེ་ཚན་མང་པོ་ཞིག་ལ་ས་གནས་ཀྱི་རིག་གཞུང་བསྐྱར་གསོའི་ཐད་མཐུན་འགྱུར་རོགས་རམ་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་ཡོད་འདུག

ཉིན་དེའི་དགོང་མོའི་ཆུ་ཚོད་ ༨ པའི་ཐོག་བོད་པའི་ཟ་ཁང་ཞིག་ཏུ། ཨི་ཊ་ན་གྷར་ཁུལ་གྱི་བོད་རིགས་ཚོང་པ་ ༡༤ ཙམ་འཛོམས་པའི་ཐོག་སྤྱི་འཐུས་དོན་གྲུབ་བཀྲ་ཤིས་མཆོག་གིས་༧གོང་ས་མཆོག་གི་མཛད་འཕྲིན་དང་། བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་གནས་བབ་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་དང་། སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་དང་པོའི་ལས་རིམ་བཅས་ཀྱི་ཐོག་མི་མང་ལ་གསུང་བཤད་དང་དྲི་བ་དྲིས་ལན་གནང་ཡོད་འདུག དེ་བཞིན་བོད་པའི་ཚོང་པ་ཚོས་ཚོང་བརྒྱབ་སྟེ་དངུལ་བཟོ་རྒྱུ་སྤྱི་སྒེར་གཉིས་ཐད་ནས་གལ་ཆེན་པོ་ཡིན་ཡང་། དེ་དང་མཉམ་དུ་བོད་པའི་རྩ་དོན་འཐབ་རྩོད་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཐོག་ལ་མཉམ་ཞུགས་ཀྱང་འཐུས་ཤོར་མེད་པ་གནང་གལ་ཆེ་སྐོར། ལྷག་དོན་དུ་བོད་པ་དགུན་ཚོང་རྒྱག་མཁན་དང་རྒྱ་གར་གྲོང་ཁྱེར་ཁག་ནང་ཚོང་ལས་གཉེར་མཁན་མང་པོ་ཞིག་ཚོང་ལས་ནང་མགོ་འཁོར་ཏེ། སོ་སོའི་ཕྲུ་གུའི་བོད་ཡིག་བོད་སྐད་ཐོག་འཐུས་ཤོར་འགྲོ་བཞིན་ཡོད་པར་ཐུགས་སྣང་གནང་དགོས་པའི་འབོད་སྐུལ་བཅས་ཞུས་ཡོད་འདུག


ཕྱི་ཚེས་ ༡༠ ཉིན་གྱི་ཞོགས་པ་ཆུ་ཚོད་ ༨ པའི་ཐོག་སྤྱི་འཐུས་རྣམ་གཉིས་ཀྱི་སྡོད་གནས་མགྲོན་ཁང་དུ། ཨ་རུ་ན་ཅཱལ་འཕགས་བོད་འབྲེལ་མཐུད་ཚོགས་པ་(Bharat Tibbat Sahyog Manch)ཞེས་པའི་ཚོགས་གཙོ་དབང་འདུས་རྡོ་རྗེ་(Wangdu Dorjee Khrimy)ལགས་དང་། ཨ་རུ་ན་ཅཱལ་དང་ཨི་ཊ་ན་གྷར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཉི་མ་སངས་རྒྱས་ལགས་དང་ཨ་ནོཀ་ཝང་སཱ་(Anok Wangsa)ལགས་བཅས་མི་ ༦ ཙམ་མཇལ་འཕྲད་གནང་ཏེ་ཆུ་ཚོད་ ༡ ཙམ་རིང་བཀའ་མོལ་གནང་ཡོད་འདུག སྐབས་དེར་ཁོང་རྣམ་པས་དུས་ཡུན་རིང་པོ་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་བཞིན་ཡོད་པ་དང་། ཉེ་བའི་ལོ་ཤས་ནང་ཁོང་རྣམ་པས་མཉམ་རུབ་ཐོག་༧གོང་ས་མཆོག་ལ་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་བྷ་རཱ་ཏ་རཏྣ་ (Bharat ratna award)ཐོབ་ཐབས་སུ་མཚན་རྟགས་བསྡུ་རུབ་སོགས་ལས་འགུལ་སྣ་ཚོགས་སྤེལ་ཡོད་སྐོར་གསུངས་ཡོད་འདུག སྤྱི་འཐུས་རྣམ་གཉིས་ནས་ཁོང་རྣམ་པས་བོད་དོན་ཐོག་རྒྱབ་སྐྱོར་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་པ་དང་མ་འོངས་པར་མུ་མཐུད་དེ། བོད་པ་སྐྱབས་བཅོལ་བར་མཐུན་འགྱུར་རོགས་རམ་དང་བོད་པའི་རྩ་དོན་ལ་རྒྱབ་སྐྱོར་གནང་རྒྱུ་དེ། སྤྱིར་ལུང་པ་མེད་པའི་དཀའ་ངལ་ཅན་ལ་རོགས་རམ་གནང་བ་ནི་འགྲོ་བ་མིའི་བཟང་སྤྱོད་ཀྱི་ལས་འགན་ཡིན་པ་དང་། ལྷག་དོན་དུ་བོད་དང་རྒྱ་གར་གཉིས་ལོ་ངོ་སྟོང་ཕྲག་ལྷག་གི་ཆོས་དང་རིག་གཞུང་། མཐའ་མཚམས་བཅས་དང་འབྲེལ་བ་གཏིང་ཟབ་ཡོད་པ་དང་། དེ་བཞིན་བོད་པའི་རྩ་དོན་འཐབ་རྩོད་དེ་རྒྱ་གར་གྱི་མཐའ་སྲུང་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཞིག་ཡིན་སྐོར་སོགས་མི་མང་ནང་གོ་རྟོགས་སྤེལ་གལ་ཆེ་བའི་འབོད་སྐུལ་ཞུས་ཡོད་འདུག

སྔ་དྲོའི་ཆུ་ཚོད་ ༡༠།༢༠ ཐོག ཨ་རུ་ན་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་ཁོང་གི་ལས་ཁུངས་སུ་སྤྱི་འཐུས་རྣམ་གཉིས་ལ་མཇལ་འཕྲད་གནང་སྟེ་སྐར་མ་ ༤༠ རིང་བཀའ་མོལ་ལྷུག་པོ་བྱུང་ཡོད་འདུག སྐབས་དེར་སྤྱི་འཐུས་རྣམ་གཉིས་ཀྱིས་ཐེངས་འདིའི་འཚམས་གཟིགས་སྐོར་ངོ་སྤྲོད་དང་འབྲེལ། སྤྱིར་རྒྱ་གར་གཞུང་མང་གཉིས་དང་། སྒོས་སུ་ཨ་རུ་ན་ཅཱལ་གཞུང་མང་གཉིས་ཀྱིས་བོད་དོན་དང་བོད་མིར་རྒྱབ་སྐྱོར་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་པ་དང་། མ་འོངས་པར་ཡང་མུ་མཐུད་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་ཡོད་འདུག སྐབས་དེར་སྤྱི་ཁྱབ་བློན་ཆེན་མཆོག་གིས་བོད་མི་མང་སྤྱི་འཐུས་རྣམ་གཉིས་ཕེབས་པར་དགའ་པོ་བྱུང་སྐོར་དང་། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་དང་། སྐབས་བཅུ་དྲུག་པའི་བཀའ་ཤག་དང་དཔལ་ལྡན་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཡོད་སྐོར་བཅས་གསུངས་ཡོད་འདུག

ཉིན་རྒྱབ་ཆུ་ཚོད་ ༢ པའི་ཐོག་ཨི་ཊ་ན་གྷར་ཡན་ལག་སྨན་རྩིས་ཁང་དུ་གཟིགས་སྐོར་དང་། ཨེམ་ཆི་དང་ལས་བྱེད་རྣམ་པར་གསུང་བཤད། དེ་བཞིན། མོན་རྟ་དབང་རྣམ་རྒྱལ་ལྷ་རྩེའི་ཡན་ལག་དགོན་པར་མཆོད་མཇལ་བཅས་ཞུས་རྗེས། ཐེངས་འདིའི་སྤྱི་འཐུས་རྣམ་གཉིས་ཀྱི་འཚམས་གཟིགས་ཡོངས་སུ་ལེགས་གྲུབ་བྱུང་སྟེ། ཕྱིར་རྒྱ་གར་བྱང་ཕྱོགས་ཧི་མ་ཅཱལ་བཞུགས་སྒར་རྡ་སར་ཕེབས་ཐོན་གནང་ཡོད་པ་བཅས། །