བོད་མི་མང་སྤྱི་འཐུས་དགེ་བཤེས་སྐལ་བཟང་དགྲ་འདུལ་མཆོག་དང་། སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་མཆོག་རྣམ་གཉིས་ས་བགོས་ལྟར་སྡེ་ར་ལྡུན་ས་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

ཕྱི་ལོ ༢༠༡༣ ཟླ་ ༦ ཚེས་ ༢༩ ཉིན་བོད་མི་མང་སྤྱི་འཐུས་དགེ་བཤེས་སྐལ་བཟང་དགྲ་འདུལ་མཆོག་དང་། སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་མཆོག་རྣམ་གཉིས་བདེ་སྐྱིད་གླིང་དང་། ར་ཇི་པུར། ཚེ་རིང་དོན་ལྡན། དོན་གྲུབ་གླིང་། མ་སུ་རི་བཅས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག་ཁག་བཅས་ཀྱི་སྐུ་ཚབ་ལྷན་བདེ་སྐྱིད་གླིང་མི་མང་ཚོགས་ཁང་ཆེན་མོའི་ནང་བཞུགས་མོལ་ཚོགས་འདུ་ཚོགས་ཡོད་པ་རེད། ཚོགས་ཐོག་ཏུ་སྡེ་ལྡུན་བདེ་སྐྱིད་གླིང་ས་གནས་འགོ་འཛིན་འཕྲིན་ལས་ལགས་ནས་འཚམས་འདྲི་དང་སྦྲགས་ངོ་སྤྲོད་གསུང་བཤད་གནང་རྗེས་སྤྱི་འཐུས་རྣམ་གཉིས་ཀྱིས་འདས་ལོའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ཇི་བྱས་སྐོར་ངོ་སྤྲོད་གསུང་བཤད་སྙིང་བསྡུས་གནང་བ་མ་ཟད། སྔ་ལོ་ས་བགོས་ཕྱོགས་སྐྱོད་སྐབས་སྡེ་ལྡུན་ཁུལ་གྱི་བོད་མི་གནས་སྡོད་སོ་སོ་ནས་བདེ་སྡུག་དཀའ་སེལ་ཞུས་པ་རྣམས་འབྲེལ་ཡོད་ནས་ཕྱག་བསྟར་མཇུག་གནོན་ཇི་བྱུང་ཐད་གསལ་བཤད་དང་བཀའ་བསྡུར། དེ་བཞིན་བདེ་སྡུག་དཀའ་སེལ་གསར་དུ་ཞུ་དགོས་རིགས་བཅས་ཀྱི་སྟེང་བགྲོ་གླེང་གནང་ཡོད་པ་བཅས།