བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་རྣམ་གཉིས་ནས་རྒྱ་གར་ལྷོ་ཕྱོགས་ཁུལ་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ལེགས་གྲུབ་བྱུང་བ།

༄༅། ། བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༢༥ ནས་ཕྱི་ཟླ་ ༡༠ ཚེས་ ༤ བར་གྷེརྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་སྦེང་ལོར་དང་། མའེ་སོར།  སྦེལ་ཀོབ་ལུགས་བསམ་གཞིས་ཆགས། མེངྒ་ལོར་བཅས་ལ་མང་ཚོགས་ཐུག་འཕྲད་ཀྱིས་ཆབ་སྲིད་སོགས་ཀྱི་ལམ་སྟོན་དང་། བདེ་སྡུག་གཟིགས་ཞིབ་སོགས་ཀྱི་ཐེངས་འདིའི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱིས་ལས་རིམ་ཡོངས་སུ་ལེགས་གྲུབ་གནང་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ནས་སྦེང་ལོར་དང་། མའེ་སོར། སྦེལ་ཀོབ་ལུགས་བསམ་གཞིས་ཆགས་བཅས་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་རིམ་གྲུབ་མཚམས། ཕྱི་ཚེས་ ༣ ཉིན་མེངྒ་ལོར་ལ་ཕེབས་ཐོན་གྱིས་ས་གནས་ཕེབས་འབྱོར་སྐབས། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་སྣེ་ལེན་ཞུས་པ་དང་།

དེ་ནས་རིམ་པས་ཉིན་གྲངས་གཉིས་རིང་། བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ནས་མེངྒ་ལོར་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཡེ་ནེ་པོ་ཡ་སྨན་ཞབས་མཐོ་སློབ་ཀྱི་སློབ་སྤྱི་གཞོན་པ་ལྕམ་སྐུ་ཇེ་ན་ཊི་ པི་རི་མ་ (Smt. Janet Prima, Vice Principal of Yenepoya Nursing College) མཆོག་དང་། ནི་ཊི་ཨུ་ཤ་སྨན་ཞབས་མཐོ་སློབ་ཀྱི་སློབ་སྤྱི་ལྕམ་སྐུ་ཧྥ་ཏི་མ་ ཌི་སི་ལི་ཝ་ (Dr. (Prof) Mrs. Fatima D’silva, Principal of  Nitte Usha Institute of Nursing Sciences) མཆོག་རྣམ་གཉིས་དང་སོ་སོར་མཇལ་འཕྲད་ཞུས་ཏེ། མཐོ་སློབ་ནང་སླེབ་གཉེར་གནང་བཞིན་པའི་བོད་ཕྲུག་རྣམས་ལ་ད་བར་གཟིགས་རྟོག་རྒྱ་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། མ་འོངས་པར་ཡང་དེ་བཞིན་མུ་མཐུད་གཟིགས་རྟོག་གནང་སྐྱོང་ཡོང་བའི་འབོད་སྐུལ་སོགས་ཞུས་གནང་འདུག གཞན་ཡང་མེངྒ་ལོར་ཁུལ་ལ་ཡོད་པའི་མཐོ་རིམ་འགྲིམས་བཞིན་པའི་བོད་པའི་སློབ་ཕྲུག་རྣམས་ཐུག་འཕྲད་ཀྱིས་གསུང་བཤད་ལམ་སྟོན་སོགས་གནང་སྟེ། ཐེངས་འདིའི་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལམ་རིམ་ཡོངས་སུ་ལེགས་གྲུབ་བྱུང་ཡོད་པ་བཅས། །