བོད་མི་མང་སྤྱི་འཐུས་གཉིས་ནས་སི་ཝི་ཌིན་དང་ནོར་ཝེ་རྒྱལ་ཁབ་གཉིས་ལ་གཞུང་འབྲེལ་བོད་དོན་ཞུ་སྐུལ་ལས་དོན་ལེགས་གྲུབ་བྱུང་བ།

IMG_7178-001IMG_1428-002image-006

དེ་ཡང་ཕྱི་ལོ་༢༠༡༦ ཟླ་༥ ཚེས་༡༩ ནས་ཚེས་༢༥ བར་སྤྱི་འཐུས་འཇིགས་མེད་འབྱུང་གནས་མཆོག་དང་། སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་གཉིས་སི་ཝེ་ཌིན་དང་ནོར་ཝེའི་རྒྱལ་ཁབ་གཉིས་ཀྱི་རྒྱལ་སར་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཡོད་པ་དང་།   རྒྱལ་ཁབ་སོ་སོའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་།   བོད་རིགས་ཚོགས་པ། རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་དང་། གཞན་ཡང་ཕྱི་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་དང་། བོད་ཁང་། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་འགན་འཛིན།   ནོར་ཝེ་བོད་དོན་རྒྱབ་སྐྱོར་གྲོས་ཚོགས་འཐུས་མི་གསུམ་དང་། ནོར་ཝེའི་འགྲོ་བ་མིའི་ཚོགས་སྡེའི་འགན་འཛིན་བཅས་ལ་མཇལ་འཕྲད་དང་།   ནོར་ཝེའི་རྒྱལ་སྤྱིའི་རང་དབང་གླེང་སྟེགས་ཅེས་པའི་ཚོགས་ཆེན་ཞིག་ལ་མཉམ་ཞུགས་གནང་བ་བཅས་ལས་དོན་ལེགས་གྲུབ་བྱུང་ཡོད་པ་རེད།

དེ་ཡང་ཕྱི་ལོ་༢༠༡༦ ཟླ་ ༥ ཚེས་ ༡༩ ཉིན་ཌན་མག་གི་རྒྱལ་ས་ཀོ་པན་ཧ་གྷན་ནས་སི་ཝེ་ཌན་གྱི་རྒྱལ་སའི་གནམ་ཐང་ལ་འབྱོར་སྐབས། སུ་ཝེ་ཊན་བོད་རིགས་ཚོགས་པས་མེ་ཏོག་བསྣམས་ཏེ་ཕེབས་བསུ་དང་། ཕྱི་ཚེས་༢༠ སྔ་དྲོ་ཆུ་ཚོད་༨།༣༠ ནས་༡༠།༠༠ བར་བོད་རིགས་ཚོགས་པའི་ཚོགས་གཙོ་ཉི་མ་ཤར་ལོ་ཁང་གསར་ལགས་གཏན་ཞལ་གཉིས་དང་། ཚོགས་གཞོན་འཇམ་དབྱངས་ཆོས་སྒྲོན་ལགས་བཅས་ནས་ཕེབས་རོགས་ཞུས་ཏེ། སུ་ཊོག་ཧོམ་ར་ཌེ་སོན་བྷུ་ལོ་འགྲོན་ཁང་དུ་ (Radisson Blue Hotel, Stockholm.) ཕྱི་སྲིད་འབྲེལ་ཡོད་བློན་ཆེན་ཞིག་དང་མཉམ་དུ་མཇལ་འཕྲད་ཀྱིས་བཀའ་མོལ་ཞིབ་ལྷོད་དང་། ཉིན་རྒྱབ་སི་ཝེ་ཌན་བོད་ཁང་དུ་བོད་ནང་དུ་སློབ་གྲྭ་༡༠༨ ལྷག་བསྐྱོན་པའི་འགན་འཛིན་བསོད་ནམས་ལགས་དང་། ཁོང་གི་ལས་རོགས་ཚོ་དང་མཉམ་དུ་ལྷན་ཚོགས་ཀྱིས་གཏམ་བཤད་དང་དྲི་བ་དྲིས་ལན། ཚེས་༢༡ སྔ་དྲོ་ཆུ་ཚོད་༡༡ ཐོག་དེ་གའི་ཡུལ་མི་ཞིག་ནས་བོད་ཀྱི་འགྲེམ་སྟོན་ཁང་ཞིག་བཟོས་འདུག་པར་མགྲོན་འབོད་བཞིན་ཕྱིན་ཏེ་ལེགས་གསོལ་བསྔགས་བརྗོད་ཞུས།   ཉིན་གུང་རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་སྔ་ཤོས་ཡིན་པའི་སི་ཝེ་ཌན་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱུན་ལས་ཁ་ཤས་དང་། བོད་རིགས་ཚོགས་པའི་རྒྱུན་ལས་མཉམ་གོ་བསྡུར་དང་། དེའི་རྗེས་བོད་དོན་རྒྱབ་སྐྱོར་བ་དང་ཉན་ཞིབ་བྱེད་མཁན་བཅུ་ཙམ་དང་ལྷན་བགྲོ་གླེང་དང་། དགོང་དྲོ་ས་གནས་བོད་རིགས་ཉི་ཤུ་ལྷག་དང་མཉམ་དུ་ཚོགས་འདུ་དང་མཇུག་ཏུ་ཞབས་གཞས། ཚེས་༢༢ ཉིན་སྐུ་ཞབས་བཀྲ་ཤིས་དབང་རྒྱལ་ལགས་དང་། སྐལ་བཟང་དམ་ཆོས་གཉིས་ནས་གནམ་ཐང་དུ་ཕེབས་སྐྱེལ་ཞུས་ཏེ་སི་ཝེ་ཌན་ནས་ནོར་ཝེའི་རྒྱལ་ས་ཨོ་སི་ལོའི་གནམ་ཐང་དུ་འབྱོར་སྐབས།   ནོར་ཝེ་ཇིན་བོད་རིགས་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་བློ་བཟང་དམ་ཆོས་གཏན་ཞལ་གཉིས་དང་། ནོར་ཝེ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཧར་མན་ཊེབ་ཀོར་གེལ་བཅས་ནས་ཕེབས་བསུས་ཀྱིས་དགོང་དྲོ་ཆུ་ཚོད་༤ པ་ནས་ས་གནས་བོད་རིགས་མི་གྲངས་༣༠ ལྷག་དང་ལྷན་ཚོགས་འདུ་དང་བགྲོ་གླེང་མཇུག་ཏུ་ཞབས་གཞས། ཕྱི་ཚེས་༢༣ ཉིན་གུང་ནོར་ཝེ་གྲོས་ཚོགས་ཁང་ནང་ཆབ་སྲིད་ཚོགས་པ་མི་འདྲ་བ་གསུམ་གྱི་སྐུ་ཚབ་གྲོས་ཚོགས་འཐུས་མི་གསུམ་དང་ལྷན་དུ་བཞུགས་མོལ་ཚོགས་འདུ་དང་། གྲོས་ཚོགས་འཚོགས་བཞིན་པ་ལ་ཟུར་ཉན།   ཉིན་རྒྱབ་ཆུ་ཚོད་༥ པའི་ཐོག་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་ལས་ཁུངས་ཨ་མའི་ནང་། བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། བོད་རིགས་བཅས་ཁྱོན་བསྡོམས་མི་གྲངས་༣༠ མ་ཟིན་ཙམ་ལ་གཏམ་བཤད་དང་དྲི་བ་དྲིས་ལན། ཕྱི་ཚེས་༢༤ ཉིན་སྔ་དྲོ་ཆུ་ཚོད་༩ པ་ནས་༡༢ བར་རྒྱལ་ཁབ་འདྲ་མིན་ནས་མཉམ་ཞུགས་གནང་བའི་ནོར་ཝེའི་རྒྱལ་སྤྱིའི་རང་དབང་གི་གླེང་སྟེགས་ཞེས་པའི་ཚོགས་ཆེན་ཞིག་ཏུ་མཉམ་ཞུགས་ཞུས། ཕྱི་དྲོ་ཆུ་ཚོད་༡ ཐོག ནོར་ཝེ་ཇེན་རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་(national Institution for Human Right) གི་གནད་ཡོད་མི་སྣ་དང་ལྷན་དུ་མཇལ་འཕྲད་ཀྱིས་ལྷན་མོལ་ཞིབ་ལྷུག་གནང་ཡོད་པ་དང་།   དེ་ཡང་སྤྱི་འཐུས་གཉིས་ནས་གནད་ཡོད་མི་སྣར་མཇལ་འཕྲད་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་རྟགས་དང་མཇལ་དར་བསྒྲོན་འབུལ་ཞུས་ཤིང་དང་། བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། དེ་ལ་གདོང་ལེན་བྱེད་ཕྱོགས་དང་། རྒྱལ་སྤྱིས་དེ་ལ་རོགས་རམ་དགོས་མཁོ་དང་རྒྱབ་སྐྱོར་འབོད་སྐུལ་ཀྱི་ཞུ་ཡིག་བཅས་འབུལ་ལམ་ཞུས་པར་མ་ཟད།   དྲི་བ་ཁག་ལ་ལན་འདེབས་དང་གསལ་བཤད་ཞུས་པ་བཅས་ལས་དོན་ལེགས་གྲུབ་བྱུང་སྟེ་ཚེས་༢༥ སྔ་དྲོ་ནོར་ཝེ་བོད་རིགས་ཚོགས་པའི་ཚོགས་གཞོན་ནས་གནམ་ཐང་དུ་ཕེབས་སྐྱེལ་གྱིས་འཇར་མན་བརྒྱུད་ཚེས་༢༦ སྔ་དྲོ་གཏན་འཇགས་སྡོད་གནས་སྦེལ་ཀོབ་ཏུ་འབྱོར་བའི་གནས་ཚུལ་སྙིང་བསྡུས་སུ།grupe-bilde-med-chitue-22-05-20161IMG_0462