བོད་མི་མང་སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་དང་། སྤྱི་འཐུས་དཔོན་ཚང་བློ་བཟང་ཐུབ་བསྟན་མཆོག་རྣམ་གཉིས་ནས་བསུ་ན་མདའ་བཀྲ་ཤིས་གླིང་གཞིས་ཆགས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་གྲུབ།

 

༄༅། །བོད་མི་མང་སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་དང་། སྤྱི་འཐུས་དཔོན་ཚང་བློ་བཟང་ཐུབ་བསྟན་མཆོག་རྣམ་གཉིས་ནས་རྒྱ་གར་བྱང་ཤར་ཁུལ་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་འགོ་འཛུགས་ཀྱིས་ཕྱི་ལོ་ ༠༢༣ ཟླ་  ཚེས་ ༢༨ ཉིན་བསུ་ན་མདའ་བཀྲ་ཤིས་གླིང་གཞིས་ཆགས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ལེགས་གྲུབ་བྱུང་ཡོད།

 

 དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཚེས་ ༢༧ ཉིན་རྒྱབ་བྷག་ཌོ་ར་གནམ་ཐང་དུ་ཕེབས་འབྱོར་སྐབས། བསུ་ན་མདའ་ས་གནས་འགོ་འཛིན་བསྟན་འཛིན་འོད་གསལ་ལགས་དང་། རྩིས་དྲུང་བཀྲ་ཤིས་ལགས་རྣམ་གཉིས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས།

ཕྱི་ཚེས་ ༢༨ ཉིན་སྔ་དྲོ་ཤི་ལི་གྷུ་རི་ནས་བསུ་ན་མདའ་བཀྲ་ཤིས་གླིང་གཞིས་ཆགས་སུ་ཕེབས་ཐོན་གྱིས། ས་གནས་སུ་ཕེབས་འབྱོར་སྐབས། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་བསྟན་འཛིན་ཉི་མ་ལགས་དང་། མཉམ་འབྲེལ་ཚོགས་གཙོ་ཚེ་བརྟན་ལགས། སཾ་བྷོ་ཊ་སློབ་གྲྭའི་སྐུ་ཚབ་སྐལ་བཟང་ལགས་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་གནང་འདུག

སྤྱི་འཐུས་རྣམ་གཉིས་ནས་ཐོག་མར་ས་གནས་སུ་རྟེན་གཞི་བྱས་པའི་ཀ་ལུ་རིན་པོ་ཆེའི་དགོན་པ་བསམ་གྲུབ་དར་རྒྱས་ཆོས་གླིང་དུ་མཆོད་མཇལ་ཞུས་རྗེས། ས་གནས་འགོ་འཛིན་ལས་ཁུངས་དང་། ས་གནས་རང་བདེན་ཚོགས་ཆུང་། ས་གནས་མཉམ་འབྲེལ། ས་གནས་འཕྲོད་བསྟེན་སྨན་ཁང་། སཾ་བྷོ་ཊ་ཉིན་སློབ་སོགས་ལ་གཟིགས་སྐོར་དང་། ས་གནས་མང་ཚོགས་དང་། དགེ་ལས་སློབ་ཕྲུག་རྣམས་སོ་སོར་ཐུག་འཕྲད་ཀྱིས་གསུང་བཤད་གནང་ཡོད་འདུག

 ས་གནས་མང་ཚོགས་དང་། དགེ་ལས་སློབ་ཕྲུག་རྣམ་པ་ཐུག་འཕྲད་སྐབས་སོ་སོར། སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་མིའི་སྒྲིག་འཛུགས་སྐོར་གསུང་བཤད་དང་། སྤྱི་འཐུས་དཔོན་ཚང་བློ་བཟང་ཐུབ་བསྟན་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསུང་བཤད་གནང་བ་མ་ཟད། ས་གནས་མང་ཚོགས་ཀྱི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་འདུག་པ་བཅས། །