བོད་མི་མང་སྤྱི་འཐུས་་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༩ པའི་དཔལ་ལྡན་ཚོགས་གཙོའི་མཇུག་བསྡོམས་གསུང་བཤད།

tsoktso speech picture

 

བོད་མི་མང་སྤྱི་འཐུས་་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༩ པའི་དཔལ་ལྡན་ཚོགས་གཙོའི་མཇུག་བསྡོམས་གསུང་བཤད།

དེ་རིང་གི་ལས་རིམ་དྲུག་པ་དེ་ཚོགས་གཙོའི་མཇུག་བསྡོམས་གཏམ་བཤད་རེད། སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ པ་མཇུག་བསྒྲིལ་རན་གྱི་ཡོད་པ་དང་། ཕྱོགས་ཡོངས་ནས་ད་རེས་གྲོས་ཚོགས་འདིིའི་ནང་ལ་གང་བྱུང་བའི་བསྡོམས་འདྲ་ཞིག་རྒྱབ་ཀྱི་ཡོད་པ་རེད། གྲོས་ཚོགས་ཀྱི་འགྲོ་ལུགས་གཞིར་བཟུང་བྱས་ཏེ་ཚོགས་འདུ་འགོ་བཙུགས་པའི་སྐབས་ལ་ཚོགས་གཙོས་དབུ་འབྱེད་གཏམ་བཤད་བྱ་རྒྱུ་ཞིག་དང་། ཚོགས་འདུ་མཇུག་བསྡུས་པའི་སྐབས་ལ་མཇུག་བསྡོམས་གཏམ་བཤད་ཅེས་བྱ་ལམ་ཡོད་པ་རེད། དབུ་འབྱེད་གཏམ་བཤད་དང་མཇུག་བསྡོམས་གཏམ་བཤད་གཉིས་པོ་དེ་ཚོགས་གཙོའི་ཐག་གཅོད་གང་ཡང་ཆགས་ཀྱི་མ་རེད། དེ་ཚོགས་གཙོ་གཉིས་ཀྱི་བསམ་ཚུལ་རེད། དེ་ཐུགས་ལ་ངེས་དགོས་ཀྱི་ཡོད་རེད།

དེ་ནས་ཕྱོགས་ཡོངས་ནས་དེ་རིང་གྲོས་ཚོགས་ཚོགས་དུས་ ༩ པ་འདིའི་ཐོག་ལ་བར་ཆད་ཕྲན་བུ་ཞིག་འཕྲད་པ་མ་གཏོགས། སྤྱི་ཡོངས་ཀྱི་ལས་དོན་དེ་ང་རང་ཚོ་ཚང་མ་ལ་འགན་བསྐུར་བ་ནང་བཞིན་བྱས་ཏེ་ཆ་ཚང་བ་ཞིག་བསྒྲུབས་ཐུབ་པ་དེ་ཡག་པོ་བྱུང་སོང་ཞེས་ཞུ་རྒྱུ་ཡིན། དེ་འདྲ་བྱུང་བ་དེ་ཚོགས་གཙོ་སྦྲེལ་པོ་གཅིག་པུ་མ་རེད། འཛིན་སྐྱོང་བཀའ་ཤག་རེད། དེ་བཞིན་དུ་བཀུར་འོས་སྤྱི་འཐུས་རྣམ་པ་ཚོས་ཐུགས་འགན་བཞེས་པའི་ཐོག་ནས་ཡོང་གི་ཡོད་པ་ཡིན་དུས་རྣམ་པ་ཚོ་ཚང་མས་ཚོགས་གཙོ་གཉིས་ལ་མཐུན་འགྱུར་གནང་བ་དེར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་གྲོས་ཚོགས་འདི་འགོ་ཚུགས་པའི་སྐབས་དུས་ནས་ཅུང་ཙམ་བློ་མི་བདེ་བ་ཞིག་ཡོང་བསྡད་སོང་། ལས་རིམ་འགྲོ་སྟངས་ཀྱི་ཐོག་ནས་སྲི་འདྲ་ཞིག་ལངས་ཀྱི་ཡོད་པའི་བཟོ་འདྲ་ཞིག་བྱས་ཏེ་ང་ཚོའི་ལས་དོན་གང་འདྲ་ཞིག་ཡིན་པ་ཡིན་ན་ཡང་གང་ལྟར་བར་ཆད་དང་གདོང་ལེན་བྱེད་དགོས་པ་དེ་འདྲ་རང་བཞིན་གྱིས་མང་པོ་ཞིག་ཡོང་གི་རེད། གནད་དོན་ག་རེ་བྱུང་བ་ཡིན་ནའང་ནང་པ་སངས་རྒྱས་པ་ཞིག་ཡིན་པའི་ཆ་ནས་རྒྱུ་དང་རྐྱེན་མང་པོ་ཞིག་འཛོམས་པའི་ཐོག་ནས་ཡོང་གི་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། རྒྱུ་དང་རྐྱེན་གཅིག་ཁོ་ན་མིན་པར་རྒྱུ་མང་པོ་ཞིག་དང་རྐྱེན་མང་པོ་ཞིག་ལ་བརྟེན་ནས་ཡོང་གི་ཡོད། ད་རེས་ཀྱི་གྲོས་ཚོགས་འདིའི་ནང་ལ་འདི་འདྲ་བྱས་ཏེ་ཡོང་ཡོད་རེད། ཚོགས་གཙོ་སྒེར་ལ་ཆ་བཞག་པ་ཡིན་ན་ད་རེས་ཅུང་ཙམ་བློ་མ་བདེ་བ་ཞིག་སྟེ་གྲོས་ཚོགས་སྟངས་འཛིན་བྱས་པའི་སྐབས་ལ་སྐབས་སྐབས་སུ་སྤྱི་འཐུས་རེ་ཟུང་གིས་ཐད་ཀར་ལན་བརྒྱབས་ཡོང་བ་དེ་ཚོགས་གཙོ་སྤེན་པ་ཚེ་རིང་གི་གནས་ཚུལ་གཅིག་རེད། ཡིན་ནའང་ཚོགས་འདུ་གཙོ་སྐྱོང་བྱེད་མཁན་དེ་སྔོན་མ་ཡང་ཕེབས་ཡོད་རེད་ལ། མ་འོངས་པ་ཡིན་ནའང་ཡོང་གི་རེད། དེ་འདྲ་ཡིན་དུས་གྲོས་ཚོགས་ཀྱི་འགྲོ་ལུགས་དང་དེ་ཚོའི་ཐོག་ལ་གཟབ་གཟབ་གནང་དགོས་པ་དང་སོ་སོ་སྒེར་གཅིག་པོའི་དོན་དག་བསྒྲུབ་རྒྱུའི་སྐད་ཆ་མ་རེད། ང་ཚོ་ཚང་མ་བོད་མི་ས་ཡ་དྲུག་གི་ལས་ཀ་བྱེད་ཀྱི་ཡོད་རེད། བོད་སྤྱི་པའི་དོན་དུ་ལས་ཀ་བྱེད་ཀྱི་ཡོད་རེད། འདི་སེམས་ལ་བཞག་པའི་ཐོག་ནས་གྲོས་ཚོགས་ཀྱི་འགྲོ་སྟངས་ཡིན་པ་ཡིན་ནའང་ཚད་དང་ལྡན་པ་ཞིག་འགྲོ་ཐུབ་དགོས་པ་ལྟར། སྔོན་མ་ནས་ཚད་དང་ལྡན་པ་ཕྱིན་ཡོད་པ་རེད་ལ། མ་འོངས་པར་ཡིན་ནའང་ཚད་དང་ལྡན་པ་འགྲོ་ཐུབ་པ་བྱ་རྒྱུ་ཞིག་ལ་དགོངས་པ་བཞེས་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད། དེ་བཞིན་དུ་ང་རང་སྒེར་དང་འབྲེལ་བའི་ཐོག་ནས་གྲོས་ཚོགས་འདིའི་ནང་ལ་གནས་ཚུལ་སླེབས་ཡོད་རེད། དེའི་སྐབས་ལ་ཡང་གསལ་བཤད་བྱ་རྒྱུ་བྱུང་། ང་རང་སྒེར་གྱི་ངོས་ནས་ལྷག་བསམ་རྣམ་དག་ཡིན། གཙང་མ་གཙང་རྐྱང་ཡིན། དེ་ལ་ངོ་གནོང་དགོས་པ་དང་ཞུམ་དགོས་པ་དེ་འདྲ་རྩ་བ་ཉིད་ནས་མེད། ཡིན་ནའང་ང་སྒེར་དང་འབྲེལ་བ་ཡོད་པའི་གནད་དོན་དེ་འདྲ་གྲོས་ཚོགས་ནང་ལ་སླེབས་པ་རེད།

དེ་བཞིན་དུ་གནད་དོན་གཞན་པ་དེ་འདྲ་ཡང་བསྐྱར་ཡང་བསྐྱར་བྱས་ཏེ་སླེབས་བསྡད་ཀྱི་ཡོད་དུས། ཚོགས་གཙོའི་རེ་བར་ཡིན་པ་ཡིན་པ་དང་མིན་པ་མིན་པར་བྱས་ཏེ་གཙང་མ་ཞིག་བཟོ་དགོས། དེ་ཡང་འཛིན་སྐྱོང་བཀའ་ཤག་གིས་ཐུགས་འགན་བཞེས་ཏེ་གནང་ཐུབ་པ་ཡིན་ན། མ་འོངས་པར་གྲོས་ཚོགས་འདིའི་ནང་ལ་གླེང་མི་དགོས་པ་དང་། གནད་དོན་གཞན་པ་གྲོས་ཚོགས་ནང་ལ་ཡང་བསྐྱར་ཡང་བསྐྱར་ཡོང་བསྡད་པ་དེ་ཚོ་ཡིན་ན་ཡང་འཛིན་སྐྱོང་བཀའ་ཤག་གིས་བརྒྱུད་རིམ་ཆ་ཚང་ཞིག་མཁྱེན་གྱི་ཡོད་པ་ཡིན་དུས་ངོས་འཛིན་གང་འདྲ་ཞིག་གནང་གི་ཡོད་དང་མེད་དེ་ཚོ་གསལ་པོ་ཞིག་གསུངས་བཞག་པ་ཡིན་ན། མ་འོངས་པར་དེ་དང་དེ་འདྲ་བའི་རིགས་གྲོས་ཚོགས་འདིའི་ནང་ལ་གླེང་མི་དགོས་པ་ཞིག་གི་རེ་བ་ཞུ་བཞིན་ཡོད། དེ་དགོངས་པ་ལ་འཇགས་རོགས་གནང་ཞེས་ཞུ་རྒྱུའི་འདོད་པ་བྱུང་།

ངས་ད་གིན་ཞུ་དགོས་པ་དེ་ཉིན་དང་པོ་གཉིས་པ་ནས་འདིར་གྲོས་ཚོགས་ནང་ལ་སྲི་ཞིག་ལངས་ཡོང་གི་འདུག་བསམ་པ་དེའི་སྐབས་ལ་སེམས་ནང་ལ་མི་བདེ་བ་ཞིག་བྱུང་བསྡད་པ་དེ་ང་ཚོའི་གྲོས་ཚོགས་ཀྱི་ལས་རིམ་དེ་གང་འདྲ་ཞིག་འགྲོ་བཞིན་ཡོད་པ་ཡིན་ན། བརྗོད་གཞི་གང་ཡིན་པ་ཡིན་ནའང་། དེ་ཁོ་རང་གི་ཐོག་ལ་བཀའ་མོལ་གསུངས་པ་དང་། དཔེར་ན་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་རེད། དེ་ང་ཚོའི་བོད་ནང་ལ་གཞིས་ལུས་མི་མང་གིས་སོ་སོའི་སྲོག་ཡན་ཆད་བློས་བཏང་སྟེ་དཀའ་སྡུག་མང་པོ་ཞིག་མྱོང་གི་ཡོད་རེད། དེའི་ནང་མི་སྤུན་མཆེད་ཚང་མར་སེམས་ནད་ཤུགས་ཆེན་པོ་ཞིག་ཡོད་རེད། དེ་བཞིན་དུ་བཙོན་ཁང་ནང་ལ་ལྷག་བསྡད་པ་དང་། བཙོན་ཁང་ནང་ལ་མ་ལྷག་པ་ཡིན་ན་ཡང་ལུས་སེམས་གཉིས་ཀར་དཀའ་ངལ་ཤུགས་ཆེན་པོ་འཕྲད་སྡོད་མཁན་དེ་ཚོ་ལ་ང་ཚོས་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད་རེད། གདུང་སེམས་མཉམ་བསྐྱེད་ཞུ་བཞིན་པའི་དུས་སྐབས་ལ་དོན་དེ་ལ་ཕན་པའི་བཀའ་མོལ་ཞིག་གསུངས་ཡོད་པ་ཡིན་ན་དེའི་བར་ལ་བཀའ་མོལ་གཞན་པ་དེ་འདྲ་མ་བསྲེས་པ་ཡིན་ན་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་འཆར་དེ་ཡང་ང་ཚོས་གཟི་བརྗིད་དང་ལྡན་པའི་ཐོག་ནས་གཏན་འབེབས་བྱེད་ཐུབ་པ་ཞིག་དང་། དེ་བཞིན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གྲོས་ཆོད་གྲོས་འཆར་རེད། བཀུར་འོས་སྤྱི་འཐུས་གཅིག་གཉིས་ཤིག་གིས་བཀའ་དྲིན་ཆེན་པོོ་ཡིན་པ་གསུངས་པ་རེད། དཔེར་ན་བཀུར་འོས་སྤྱི་འཐུས་དང་པོ་དེའི་གསུང་སྟངས་ལ་དངོས་གནས་དགའ་སྤོབས་བྱུང་། ཧ་ཅང་ཡག་པོ་གསུངས་སོང་། ཡིན་པ་ཡིན་ནའང་བར་དེར་ཆོས་ལུགས་དང་ཆོལ་ཁ་དེ་འདྲ་ཡི་གནས་ཚུལ་ཆགས་ཀྱི་ཡོད་པའི་བཟོ་འདྲ་ཞིག་ང་ཚོ་ལ་བཀའ་དྲིན་ཆེན་པོ་རེད་ཟེར། ༸རྒྱལ་བ་རིན་པོ་ཆེ་བཀའ་དྲིན་མ་ཆེ་ས་ཞིག་སུ་ཡོད་རེད། ཚང་མ་ལ་བཀའ་དྲིན་ཆེན་པོ་རེད་མ་གཏོགས་ད་ལྟ་ང་ཚོ་འདིར་ཁྲ་ལྷམ་མེར་བསྡད་པ་དང་འཛོམས་ཐུབ་པ། སྤོབས་པ་བྱས་ཏེ་རྒྱལ་སྤྱིའི་ནང་ལ་ཐོན་ཐུབ་པ་ང་རང་ཚོའི་སྤྱི་ཚོགས་དེ་བརྟན་པོ་བྱས་ཏེ་བསྡད་ཐུབ་པ་དེ་ཚོ་ཚང་མ་གང་ལྟར་སྒྲིག་འཛུགས་ཡིན་ནའང་རེད། སྤྱི་སྒེར་གང་འདྲ་ཞིག་ཡིན་ནའང་རེད། ཚང་མའི་དགེ་བའི་རྩ་བ་ཟེར་ནའང་རེད། ཐུག་ས་དེ་༸རྒྱལ་བ་རིན་པོ་ཆེ་ལ་ཐུག་བསྡད་ཡོད་རེད་མ་གཏོགས་ང་རང་ཚོའི་སྤྱི་ཚོགས་ནང་ལ་ང་ཡིན་ཁོ་ཡིན་ཞེས་བཤད་མཁན་སུ་ཡོད་ན་ཡང་སོ་སོའི་ནང་ལ་བསམ་བློ་ཞིག་བཏང་བ་ཡིན་ན་ཏན་ཏན་བཀའ་དྲིན་ཆེན་པོ་ཡིན་མིན་གོ་རྒྱུ་རེད་བསམ་གྱི་འདུག ༸རྒྱལ་བ་རིན་པོ་ཆེ་ལས་བཀའ་དྲིན་ཆེ་བ་ཞིག་ཡོད་པ་མ་རེད། བཀའ་དྲིན་རྗེས་དྲན་གྱི་སྐབས་དེ་ལ་བཀའ་དྲིན་རྗེས་དྲན་རང་གི་སྒང་ལ་དངོས་གནས་དྲང་གནས་ཡག་པོ་བྱས་ཏེ་གསུངས་ཐུབ་པ་དང་། བཀའ་དྲིན་རྗེས་དྲན་གྱི་གྲོས་ཆོད་དེ་ཡང་གཟི་བརྗིད་ཀྱི་སྒང་ནས་འཇོག་ཐུབ་པ་ཞིག་བྱུང་བ་ཡིན་ན། དེ་ཁོ་རང་དོན་དག་གཅིག་རེད། ང་རང་ཚོའི་སྤྱི་ཚོགས་ནང་ལ་སྤྱིར་བཏང་ནས་མིའི་སྤྱི་ཚོགས་ཟེར་བ་དེ་མི་གཅིག་གཅིག་ལ་བརྟེན་དགོས་པ་དང་སྤྱི་ཚོགས་གཅིག་གཅིག་ལ་བརྟེན་དགོས་པ་ཡིན་དུས། རྙོག་དྲ་ཆེ་ཕྲ་ཆུང་གསུམ་ཡོང་གི་རེད། ཡོང་བ་གཞིར་བཟུང་གིས་ང་རང་ཚོས་གདོང་ལེན་བྱེད་དགོས་པ་དེ་ང་ཚོའི་ལས་འགན་རེད། སྐབས་སུ་བབས་པའི་ལས་འགན་རེད། དེ་འདྲ་ཡིན་དུས་དཔེར་ན་ང་ཚོགས་གཙོ་བྱས་ནས་ལོ་དྲུག་ལྷག་ཅིག་འགྲོ་བཞིན་འདུག ལོ་དྲུག་ལྷག་ཅིག་དེའི་ནང་ལ་ག་ཚོད་ཐུབ་ཐུབ་ཀྱིས་རྙོག་དྲ་ཆེན་པོ་ཡོད་ན་ཆུང་ངུ་བཟོ་རྒྱུ་དང་ཆུང་ངུ་ཡོད་ན་མེད་པ་བཟོ་རྒྱུའི་ཐབས་ཤེས་ག་ཚོད་ཐུབ་ཐུབ་ཀྱིས་བྱས་བསྡད་ཡོད། སྤྱི་འཐུས་ལྷན་ཚོགས་འདིའི་ནང་ལ་ཡིན་པ་ཡིན་ན་ཡང་རེད། སྤྱི་འཐུས་རྒྱུན་ལས་ནང་ལ་ཡིན་ནའང་རེད། ལས་དོན་སྒང་ལ་ཤུགས་བརྒྱབ་རྒྱུ་དང་ཚང་མའི་ནུས་པ་མཉམ་སྤུངས་བྱ་རྒྱུ་དེའི་སྒང་ལ་འབད་བརྩོན་བྱས་ཏེ་དཔེར་ན་འབོར་ཤོབ་མིན་ཏེ་ཡིན་ནའང་སྐབས་ ༡༥ སྤྱི་འཐུས་ལྷན་ཚོགས་ཀྱིས་ལས་དོན་གང་ལ་གང་འཚམས་ཤིག་བསྒྲུབས་ཐུབ་སོང་བསམ་པ་ཞིག ང་རང་ཚོའི་སྤྱི་ཚོགས་ནང་ལ་ཡིན་ནའང་འདྲ་འདུག ཕྱིའི་རྒྱལ་ཁབ་དང་ཕྱིའི་མི་རིགས་ལ་བོད་དོན་དྲིལ་བསྒྲགས་བྱ་རྒྱུ་ཡིན་པ་ཡིན་ནའང་འདྲ་འདུག གང་ལ་གང་འཚམས་ཤིག་འགྲོ་ཐུབ་སོང་བསམ་པའི་སྤོབས་པ་ཞིག་ཀྱང་ཡོད། མི་མང་གི་ནང་ལ་ཡང་སྐབས་ ༡༥ པའི་སྤྱི་འཐུས་ལྷན་ཚོགས་དེ་ཡག་པོ་འདུག་བསམ་པའི་བསམ་ཚུལ་གཅིག་དང་སྤྱི་འཐུས་ལྷན་ཚོགས་དེ་མི་མང་གི་འཐུས་མི་ཡིན་པའི་ཆ་ནས་སྤྱི་པའི་ལས་འགན་ཡག་པོ་ཞིག་བསྒྲུབས་སོང་བསམ་བསམ་འདྲ་པོ་ཞིག་གི་ཚོར་སྣང་ཞིག་མི་མང་གིས་ཚུར་བཤད་པའི་སྐབས་ལ་ཡོང་གི་འདུག དེ་འདྲ་མི་མང་གི་རྒྱབ་སྐྱོར་ཞིག་ཡོང་གི་ཡོད་དུས་རང་བཞིན་གྱིས་ལས་ཀ་བྱ་རྒྱུར་ནུས་པ་འཐོལ་པ་ཞིག་དང་སེམས་ཤུགས་འཐོལ་པ་ཞིག་བསྐྱེད་རྒྱུ་དེ་ང་རང་ཚོ་ཚང་མའི་གྲུབ་འབྲས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ང་རང་ཚོ་སྐབས་ ༡༥ པ་དེ་གྲོས་ཚོགས་ཚོགས་ཐེངས་གཉིས་མ་གཏོགས་ལྷག་ཡོད་པ་མ་རེད། དེའི་སྐབས་ལ་ཡིན་པ་ཡིན་ནའང་སྤྱི་དོན་རང་ལ་བསམ་བློ་བཏང་སྟེ་ལས་འགན་ཁུར་དགོས་པ་དེ་ཧ་ཅང་གིས་གལ་ཆེན་པོ་རེད་འདུག་ཅེས་ཞུ་རྒྱུ་ཡིན།

དེ་ནས་དེ་རིང་ང་ཚོའི་གྲོས་ཚོགས་འདི་སྔོན་རྩིས་ཀྱི་གྲོས་ཚོགས་རེད། དུས་ཚོད་མང་ཤོས་དེ་སྔོན་རྩིས་ཀྱི་སྒང་ལ་བཏང་ཡོད་རེད། སྔོན་རྩིས་ཁྱོན་བསྡོམས་པའི་གང་ལྟར་ ༢༠༡༤།༢༠༡༥ ལོའི་ད་ལྟ་འགྲོ་བཞིན་པའི་ཉིན་ཁ་ཤས་ཀྱི་རྗེས་སུ་མཇུག་བསྡུ་འགྲོ་བ་དེའི་ནང་གི་བསྡོམས་ལ་ཆ་བཞག་པ་ཡིན་ན། འཛིན་སྐྱོང་བཀའ་ཤག་གིས་སྒོར་ས་ཡ་ ༢༢༡༢ འདི་འདྲ་ཞིག་འགྲོ་སོང་གཏོང་གི་ཡོད་པ་རེད། དེ་མཚུངས་ང་ཚོའི་བསྐྱར་བཅོས་གཏོང་ལེན་ཁྲིམས་ཡིག་གི་ཐོག་ནས་གཏན་འབེབས་བྱས་པ་རེད། སོང་འཆར་དེ་ས་ཡ་ ༢༢༡༢ དང་། ཚུར་ཡོང་འཆར་དེ་ས་ཡ་ ༢༠༤,༥ བྱས་ཏེ་ཁ་མ་འདུམ་པ་ས་ཡ་ ༡༦༧ རེད། ད་ལྟའི་ཆར་ཁ་མ་འདུམ་པ་ཆ་ཚང་ཞིག་བཤད་ཐུབ་ཀྱི་མ་རེད། རྩིས་འགོ་བརྒྱབ་རྒྱུ་ཡིན་དུས་འགྲོ་སོང་གཏོང་མི་དགོས་པ་དང་ལྷག་མ་དང་དེ་འདྲ་བྱས་པ་ཡིན་ན་གང་ལྟར་ཁ་གཅིག་འདུམ་འགྲོ་གི་ཡོད་པ་རེད། གང་ལྟར་དངུལ་འབོར་ཆེན་པོ་ཞིག་འགྲོ་བསྡད་ཀྱི་ཡོད་པ་རེད། དེ་བཞིན་དུ་འཆར་ལོ་ ༢༠༡༥།༢༠༡༦ ནང་ལ་ཡིན་པ་ཡིན་ན་ད་ལྟ་འདིར་གཏོང་ལེན་ཁྲིམས་ཡིག་ནང་ལ་གསལ་ཡོད་པ་ནང་བཞིན་བྱས་ཏེ་ས་ཡ་ ༢༠༡༨ ལྷག་ཙམ་འགྲོ་བ་དང་། ཚུར་ཡོང་རྒྱུ་དེ་ས་ཡ་ ༡༩༠༠ ལྷག་ཙམ་དང་། དེའི་སྒང་ལ་ས་གནས་འཐུས་ཚོགས་མེད་པ་དང་སྨན་ཁང་ཁག་ཅིག་གི་འགྲོ་སོང་དེ་ས་ཡ་ ༤༥ འགྲོ་བསྡད་ཀྱི་ཡོད་པ་རེད། དེ་ཚོའི་ནང་ལ་ད་ལྟ་བོད་ཕྲུག་ཁྱིམ་སྡེའི་བཟོ་འདྲ་པོ་དེ་འདྲ་ཡིན་ན། ས་ཡ་ ༥༠༠༠།༦༠༠༠ དེ་འདྲ་གཏོང་གི་ཡོད་པ་རེད། རང་སྐྱོང་གི་སྡེ་ཚན་སྨན་རྩིས་ཁང་དང་ནོར་བུ་གླིང་ག་ཟེར་བ་དེ་འདྲ་མང་པོ་ཞིག་ཡོད་རེད། དེ་ཚོའི་རིགས་ཀྱི་སྔོན་རྩིས་དེའི་ནང་ལ་ཚུད་ཀྱི་ཡོད་པ་མ་རེད། དེ་བཞིན་དགོན་སྡེ་ཁག་ཡིན་ན་ཚང་མ་སོ་སོའི་འགྲོ་སོང་ཐབས་ཤེས་གནང་སྟེ་སོ་སོས་འགྲོ་སོང་གཏོང་གནང་གི་ཡོད་པ་རེད། དེ་ཚོ་ཚུད་ཀྱི་ཡོད་པ་མ་རེད། ཡིན་ནའང་འགྲོ་སོང་དེ་འདྲ་མང་པོ་ཞིག་འགྲོ་བསྡད་ཀྱི་ཡོད་རེད། སྔོན་མ་སྔོན་རྩིས་ཀྱི་བྱུང་རིམ་ལ་བལྟས་ན། ཕྱི་ལོ་ ༡༩༦༠།༡༩༧༠ དེ་འདྲ་ནས་མར་བལྟས་པ་ཡིན་ན་དེའི་སྐབས་ལ་འབུམ་ ༥ དེ་འདྲ་ཞིག་རེད། ལོ་ལྔ་རེའི་མཚམས་ཀྱི་རྩིས་ཁྲ་ལ་བལྟས་ཡོང་དུས་ལོ་ལྔ་རེར་ལྡབ་འཕར་འགྲོ་བཞིན་འདུག ཡིན་ནའང་དགུ་བཅུ་གོ་གྲངས་ནས་བྱས་ཏེ་ ༢༠༠༠ ནས་མར་སླེབས་ཡོང་དུས་དེང་སྐབས་སྤྱིར་བཏང་གི་དངུལ་གྱི་མཐོང་དེ་མར་ཆག་འགྲོ་བཞིན་ཡོད་དུས་འགྲོ་སོང་དེ་ཡང་ཤུགས་ཆེ་རུ་ཕྱིན། ང་རང་ཚོའི་སྤྱི་ཚོགས་ཀྱི་ནང་ལ་ལས་ཀ་བྱ་རྒྱུ་དེ་ཚོ་ཤུགས་ཆེ་རུ་ཕྱིན། དེང་སྐབས་ལོ་ལྔ་ལ་སྒུག་དགོས་ཀྱི་ཡོད་པ་མ་རེད། ལོ་ལྔ་ཡི་སྔོན་ནས་གཉིས་ལྡབ་ཆགས་འགྲོ་བ་དེ་འདྲ་ཡོང་བསྡད་ཀྱི་འདུག ཕྱོགས་གཅིག་ནས་ད་ལྟ་སྔོན་རྩིས་དེ་ཚོའི་ནང་ལ་བོད་སློབ་འཛིན་ཚོགས་རྩིས་ལེན་ཐུབ་དང་མ་ཐུབ་ཀྱི་གནས་སྟངས་ཀྱི་འོག་ནས་བཀའ་འཁྲོལ་ཞུས་བསྡད་པ་དེའི་ཐོག་ནས་ས་ཡ་ ༥༠༠ ལྷག་ཡས་མས་ཤིག་གི་ཁྱད་པར་འགྲོ་བསྡད་ཀྱི་ཡོད་རེད། ཡིན་ནའང་དངུལ་འབོར་གྱི་ཆ་ནས་ཆ་བཞག་པ་ཡིན་ན་ཡང་ང་ཚོར་འགྲོ་སོང་འདི་འདྲ་ཞིག་འགྲོ་བསྡད་ཀྱི་ཡོད་རེད། དེའི་ནང་ནས་མང་པོ་ཞིག་ཤེས་ཡོན་གྱི་ཐོག་ལ་འགྲོ་བཞིན་ཡོད་རེད། དེ་བཞིན་དུ་འཕྲོད་བསྟེན་གྱི་ཐོག་ལ་འགྲོ་བཞིན་ཡོད་རེད། ནང་སྲིད་ཀྱི་ཐོག་ནས་མི་མང་གི་བདེ་སྡུག་བལྟ་རྒྱུའི་ཆེད་དུ་འགྲོ་བཞིན་ཡོད་རེད། ད་ལྟ་ཡིན་ནའང་དེ་རིང་གྲོས་ཚོགས་འདིའི་ནང་ལ་བཀའ་མོལ་མང་པོ་བྱུང་སོང་། གཅིག་ལ་ཁང་པ་བརྒྱབ་དགོས་ཀྱི་འདུག གཅིག་ལ་ཚོང་ཁང་བརྒྱབ་དགོས་ཀྱི་འདུག་ཅེས་འཛིན་སྐྱོང་བཀའ་ཤག་གིས་གནང་དགོས་པ་མང་པོ་ཞིག་ཡོང་གི་འདུག དངོས་གནས་བྱས་ན་ང་རང་ཚོའི་སྤྱི་ཚོགས་འདིའི་སོ་སོ་སྒེར་གྱི་དཔལ་འབྱོར་ཡར་རྒྱས་གང་འཚམས་འགྲོ་བཞིན་ཡོད་པ་རེད། ཁ་སང་ངས་སྦེལ་ཀོབ་ལ་བཤད་རྒྱུ་བྱུང་། སོ་སོ་སྒེར་གྱི་ཁང་པ་དེ་ཚོ་དཔེ་མི་སྲིད་པའི་ཡག་པོ་དང་། ཆང་ས་ལ་འགྲོ་སོང་ཆེན་པོ་དང་སྤྲོ་སྐྱིད་དེ་འདྲ་བཏང་བ་ཡིན་ནའང་སྒོར་ཕོན་ཆེན་པོ་དེ་འདྲ་བཏང་བ་ཡོང་གི་འདུག ཡིན་ནའང་སྤྱི་པའི་ཐོག་ལ་སྤུངས་རྒྱུ་དེ་ཞན་ཆ་ཧ་ཅང་འདུག དེ་འདྲ་ཡིན་དུས་སྤྱི་པའི་ཐོག་ལ་ང་རང་ཚོས་ཁ་ཡོད་ལག་ཡོད་ཀྱི་རང་ཁ་རང་གསོ་བྱེད་དགོས་ཀྱི་ཡོད་ན་སྤྱི་པའི་ཐོག་ལ་སྤུངས་ཐུབ་པ་བྱེད་དགོས་པ་དེ་གལ་ཆེན་པོ་རེད། སོ་སོ་སྒེར་ཙམ་ཞིག་མ་ཡིན་པའི་ཐོག་ལ་ཏན་ཏན་བསམ་བློ་གཏོང་དགོས་པ་རེད་འདུག གཉིས་ཀྱི་ཐོག་ནས་ད་ལྟ་སྔོན་རྩིས་དང་འབྲེལ་བའི་ཐོག་ནས་དཔྱ་ཁྲལ་དང་འབྲེལ་བའི་བཀའ་མོལ་དེ་སླེབས་བསྡད་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་དཔྱ་ཁྲལ་གྱི་བྱུང་རིམ་ལ་མར་བལྟས་ན་གྲོས་ཚོགས་ནང་ལ་བསྐྱར་ནས་ཡང་དུ་གསུངས་བསྡད་དུས་ཡང་མིན་ན་དེར་བསྐྱར་བཅོས་ཤིག་བྱོས། བསྐྱར་བཅོས་བྱ་རྒྱུའི་འདོད་པ་ཡོད་ན་དང་བླངས་དཔྱ་ཁྲལ་ཟེེར་བ་དེ་མི་དགོས་པ་བྱས་ཏེ་མིང་གཞན་པ་ཞིག་བཏགས་ན། དེ་མིན་གྲོས་ཚོགས་ནང་ལ་བསྐྱར་ནས་ཡང་དུ་སླེབས་བསྡད་དུས་དེ་ཅུང་ཙམ་མ་བདེ་བ་ཞིག་འདུག གཞན་པ་ཚོར་གོ་བརྡ་གང་འདྲ་ཞིག་འཕྲོད་ཡོང་བསམ་པ་འདྲ་ཞིག ཡིན་ནའང་དེ་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་སྔོན་མ་ ༡༩༧༢ ལོར་བཙུགས་པ་ནས་ད་ལྟ་བར་དུ་བྱུང་རིམ་ཞིག་ཡོད་རེད། དེ་ཡི་བྱུང་རིམ་དང་འབྲེལ་ནས་ད་ལྟ་མིང་དེ་འདི་འདྲ་བྱས་ཏེ་ལྷག་བསྡད་ཡོད་རེད། དེར་བརྟེན་དཔྱ་ཁྲལ་སྤྲད་རྒྱུ་དེ་ད་ལོ་འདྲ་ཞིག་ཡིན་ན་ན་ནིང་ནས་བརྩིས་པ་ཡིན་ན་འབུམ་བརྒྱ་ལྷག་ཅིག་འཕར་བསྡད་ཡོད་རེད། དེ་མི་དམངས་མང་བས་མཉམ་ཞུགས་བྱས་པའི་རྒྱུ་མཚན་ལ་བརྟེན་ནས་ཡོང་གི་ཡོད་རེད། ད་ལྟ་རྒྱ་བལ་འབྲུག་གསུམ་ན་ཡོད་པ་ཚང་མས་སྤྲད་བསྡད་ཀྱི་ཡོད་རེད། ཕྱི་རྒྱལ་ན་ཡོད་མཁན་བོད་མི་ཚང་མས་དཔྱ་ཁྲལ་ཞིག་ཕུལ་རོགས་བྱས་པ་ཡིན་ན་ད་ལྟ་འདིས་ཚད་ཀྱི་མ་རེད། ཕལ་ཆེར་རྒྱ་གར་སྒོར་མོ་འབུམ་ཉིས་སྟོང་ཡས་མས་ཤིག་སླེབས་ཐུབ་ཀྱི་ཡོད་པ་རེད། ཡིན་ནའང་མ་ཕུལ་མཁན་ཚོར་སོ་སོའི་རྒྱུ་མཚན་མང་པོ་ཞིག་གསུང་རྒྱུ་ཡོད་པ་དེ་གསལ་པོ་རེད། ད་ལན་འཛིན་སྐྱོང་བཀའ་ཤག་གིས་དགོངས་པ་མང་པོ་ཞིག་བཞེས་ཏེ་མི་མང་གི་ནང་ནས་རེ་བ་མང་པོ་ཞིག་ཞུས་ཡོད་རེད། ང་ཚོ་ཕྱིན་པའི་སྐབས་ལ་དེ་འདྲ་ཞུ་མཁན་འདུག འཛིན་སྐྱོང་བཀའ་ཤག་གིས་དགོངས་པ་བཞེས་ནས་ཆག་ཡང་ཞིག་གནང་ཡོད་པ་རེད། མ་འོངས་པར་ཡང་ཆག་ཡང་ཞིག་གནང་གི་རེད་བསམ་སྟེ་འདི་འདྲ་བྱས་ནས་སྒུག་བསྡད་པ་ཡིན་ན། བོད་མི་ཡིན་པའི་ལས་འགན་བསྒྲུབ་ཐུབ་ཀྱི་ཡོད་པ་མ་རེད། དེར་བསམ་བློ་གཏོང་དགོས་པ་དེ་གལ་ཆེན་རེད། སོ་སོ་སྒེར་གྱི་ལས་ཀ་བྱས་ཏེ་ཉུང་མཐའ་ལ་གཞན་པ་བོད་སྤྱིའི་རྩ་དོན་ལ་གང་ཡང་བྱེད་མ་ཐུབ་པ་ཡིན་ན་ཡང་དཔྱ་ཁྲལ་དེ་ཏག་ཏག་ཅིག་ཕུལ་བ་ཡིན་ན་འགྲིག་བསྡད་ཀྱི་ཡོད་པ་རེད། དེ་དང་འབྲེལ་བའི་ལས་རིམ་གཅིག་གི་ནང་ལ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་གནང་བ་རེད། འདིར་རྡ་རམ་ས་ལར་ཕྱག་ལས་གནང་མཁན་ཚོར་གསོལ་ཕོགས་ག་ཚོད་ཡོད་རེད། ཐོབ་ཐང་ག་ཚོད་ཡོད་པ་རེད། དེ་ཚོའི་གནས་སྟངས་ལ་བལྟས་ཡོང་ན་སོ་སོ་སྒེར་གྱི་ལས་ཀ་གཞན་བྱས་པ་ཡིན་ན་མ་འཇོན་མཁན་དང་མ་ཐུབ་མཁན་གང་ཡང་ཡོད་པ་མ་རེད། གཞན་པ་ཞིག་བྱེད་དུ་སོང་ཡང་ཐུབ་ཀྱི་རེད། དངུལ་དེ་ལས་མང་བ་གསོག་རྒྱུ་ཡོང་སྲིད་ཀྱི་རེད་མོད། ཡིན་ནའང་ཆེད་མངགས་བོད་མིའི་སྒྲིག་འཛུགས་ནང་བསྡད་དེ་བོད་སྤྱི་པར་བསམ་བློ་བཏང་ནས་ལས་ཀ་བྱས་བསྡད་མཁན་དེ་ཚོར་སོ་སོ་ཕྱི་ལོགས་ལ་སྡོད་མཁན་ཚོས་དངུལ་ཞིག་ཡར་སྤུངས་པ་ཡིན་ན་དེ་ལ་གསོལ་ཕོགས་ཤིག་ལ་ཕན་གྱི་ཡོད་ན་དེ་ཡང་ཕན་པ་རེད། ལས་ཀ་བྱེད་མཁན་དེ་ཚོས་བྱས། རྒྱབ་ལོགས་ནས་རྒྱབ་སྐྱོར་བྱེད་མཁན་ཚོས་རྒྱབ་སྐྱོར་བྱས། དེ་འདྲའི་བསམ་བློ་ཞིག་གཏོང་ཐུབ་པ་ཡིན་ན། ང་ལུང་པ་ཁ་ཤས་ལ་ཕྱིན་པའི་སྐབས་སུ་ཁ་ཤས་ཤིག་གིས་ང་ཚོས་དཔྱ་ཁྲལ་སྤྲད་པའི་དངུལ་དེ་ག་པར་འགྲོ་གི་ཡོད་པ་རེད་ཅེས་དེ་འདྲ་གསུང་མཁན་ཡང་འདུག དེ་འདྲ་ཡིན་དུས་དངུལ་དེ་ཚོ་ག་བར་འགྲོ་གི་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་རྒྱུན་གྲོན་ནང་འགྲོ་ཡི་ཡོད་པ་རེད། དམིགས་བསལ་གྱི་འགྲོ་སོང་གཏོང་དགོས་པ་དེ་འདྲར་འགྲོ་ཡི་ཡོད་པ་རེད། དེ་དག་ཚང་མ་མི་མང་དང་རྩ་དོན་གྱི་ཆེད་དུ་འགྲོ་ཡི་ཡོད་པ་རེད་མ་གཏོགས་དེ་བར་ལ་བརླག་འགྲོ་རྒྱུ་དང། བོར་འགྲོ་རྒྱུ་དེ་འདྲ་རྩ་བ་ནས་ཡོད་པ་མ་རེད། མ་མཁྱེན་པ་ཡོད་པ་ཡིན་ན། དེ་རིང་བརྒྱུད་ལམ་འདིའི་ཐོག་ནས་ཞུས་པ་ཡིན་ན་བསམས་བྱུང། དེར་བརྟེན་འཆར་ལོའི་ནང་གང་ལྟར་ས་ཡ་ ༢༠༡༨ ཐོག་ལ་ས་ཡ་ ༤ བསྡོམས་པ་ཡིན་ན་དེ་ས་ཡ་ ༢༠༦༧ འགྲོ་འཆར་ཡོད་པ་རེད། འདིའི་ནང་ལོགས་ནས་ང་རང་ཚོ་བོད་པ་རང་གིས་ཇི་ཙམ་ཞིག་བསྡུ་ཡི་ཡོད་པ་རེད། ས་ཡ་ ༡༡ ཙམ་མ་གཏོགས་བསྡུ་ཐུབ་ཀྱི་ཡོད་པ་མ་རེད། འདི་བྱེད་སྐབས་བརྒྱ་ཆ་དྲུག་བདུན་ཙམ་ཞིག་མ་གཏོགས་སླེབས་ཀྱི་ཡོད་པ་མ་རེད། ང་རང་ཚོ་བོད་པ་རང་གིས་ཡར་བསྡུ་རྒྱུ་འདི། མ་འོངས་པར་ང་རང་ཚོ་བོད་པའི་འཐབ་རྩོད་འདི་ང་རང་ཚོ་རང་གི་རྐང་པའི་ཐོག་ལ་ལངས་དགོས་ཀྱི་ཡོད་པ་ཡིན་ན་ང་རང་ཚོ་བོད་པ་རང་གིས་དངུལ་སྤྲོད་རྒྱུ་འདི་ཕྲན་བུའི་མང་དུ་འགྲོ་དགོས་ཀྱི་རེད། ད་ལོ་མང་པོ་ཞིག་སྤར་ཡོད་པ་མ་རེད། དེ་སྔའང་ཞུ་མྱོང་ཡོད་པ་རེད་དེ་འཛིན་སྐྱོང་བཀའ་ཤག་གིས་དགོས་པ་དང་རྒྱུ་མཚན་ག་རེ་གཟིགས་ཀྱི་ཡོད་པ་ཡིན་ནའང་གང་ལྟར་སྤྱི་ཚོགས་ཀྱི་གནས་བབ་ལ་འགྱུར་བ་འགྲོ་གིན་འགྲོ་གིན་དངོས་གནས་བྱས་ན་དང་བླངས་དཔྱ་དངུལ་འདི་དག་ཀྱང་ཏོག་ཙམ་ཏོག་ཙམ་ཕྲན་བུ་ཕྲན་བུ་སྤར་གིན་སྤར་གིན་བྱས་པ་ཡིན་ན། གོམས་གཤིས་ཅིག་ཆགས་འགྲོ་རྒྱུ་ཞིག་ཡོད་པ་རེད། འདི་མ་གཏོགས་གློ་བུར་དུ་ཆེན་པོ་ཞིག་སྤར་བ་ཡིན་ན་ཧང་སང་ཧོན་ཐོར་བྱེད་རྒྱུ་དེ་འདྲའི་ཉེན་ཁ་དེ་འདྲའང་ཡོད་པ་རེད། དེ་ཡིན་དུས་ཁོ་རིམ་བཞིན་རིམ་བཞིན་ལོ་ཁ་ཤས་ཁ་ཤས་ཀྱི་མཚམས་ནས་དཔྱ་ཁྲལ་འདི་སྤར་གྱི་ཡིན་པ་ཡིན་ན། མི་ཚོའི་བསམ་བློའི་ནང་དུའང་ཨོ་དེ་འདྲ་ཞིག་ང་རང་ཚོས་ཀྱང་བྱེད་དགོས་ཀྱི་ཡོད་བསམ་པའི་བསམ་བློ་ཞིག་ཏན་ཏན་ཡོང་གི་རེད་བསམ་གྱི་འདུག སྔོན་རྩིས་ཀྱི་ལས་དོན་དང་འབྲེལ་བའི་ཐོག་ནས་དེ་རིང་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོའི་ནང་དུ་གཅོག་ཆའི་གྲོས་འཆར་ཁྱེར་སྟངས་དེ་འདྲའི་ཐོག་ནས་ཕྲན་བུ་ཞིག་ནོར་བསྡད་ཡོད་པ་རེད། འདི་གྲོས་ཚོགས་ནང་དུ་མང་པོ་གསུངས་གྲུབ་སོང། ཚོགས་ཆུང་གི་ངོས་ནས་ངོས་བཞེས་གནང་བ་རེད། ཡིན་པ་ཡིན་ནའང་འདི་དང་འབྲེལ་བའི་ཐོག་ནས་གཅིག་ཞུས་པ་ཡིན་ན། ཚོགས་གཙོ་གཉིས་ལའང་ཚོགས་ཆུང་བསྐོ་གཞག་བྱེད་སྐབས་སུ་ཧ་ཅང་གི་དཀའ་ལས་འདུག། མི་ཁ་ཤས་ཤིག་ཚོགས་ཆུང་གཉིས་གསུམ་གྱི་ནང་དུ་ཕྱག་ལས་གནང་དགོས་པ་དང་། གཞན་དེ་དག་ནི་ཁ་སང་ངས་སྒྲིག་གཞིའི་ནང་དུ་ཞུས་པ་ཇི་བཞིན་རེད། སྔོན་ལ་བཞུགས་ཐུབ་ཀྱི་རེད་དམ་མ་རེད་ཅེས་འབྲེལ་བ་བྱེད་པར་འགྲོ་བའི་སྐབས་སུ་ང་གཅིག་གཅིག་ཡོང་གི་མི་འདུག གཉིས་གཉིས་ཡོང་གི་མི་འདུག གསུམ་གསུམ་ཡོང་གི་མི་འདུག་ཅེས་དེ་འདྲ་གསུངས་ནས་བཞུགས་མཁན་དཀའ་ལས་ཁག་པོ་འདུག ཚོགས་ཆུང་བཙུགས་དགོས་ངེས་དེ་དག་མ་བཙུགས་རང་བཙུགས་རེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་འགན་ཁྱེར་དགོས་ཀྱི་ཡོད་པ་རེད། ད་ལོ་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་ལྟ་བུ་ཞིག་ཡིན་པ་ཡིན་ན། ཚོགས་ཆུང་གསུམ་ནང་དུ་བཞུགས་དགོས་བྱུང་ཡོད་པ་རེད། ག་དུས་ཞུས་པ་ཡིན་ནའང་མིན་གསུང་གི་མི་འདུག གནད་འགག་གཞན་ཞིག་ཡོད་ན་མ་གཏོགས། དེ་བཞིན་གྲོས་ཚོགས་འདིའི་ནང་དུ་བཀུར་འོས་སྤྱི་འཐུས་ཁ་ཤས་ཤིག་ཡོད། ག་དུས་ཞུས་པ་ཡིན་ནའང་ལགས་སོ། །ཚོགས་གཙོ་གཉིས་ལ་དཀའ་ངལ་ཡོད་པ་རེད། ངོས་ལེན་བྱེད་ཀྱི་ཡོད། སྡོད་ཀྱི་ཡིན། དུས་ཚོད་ཀྱིས་ལྕོགས་ཀྱི་མེད་པ་ཡིན་ན་དུས་ཚོད་ཀྱིས་ལྕོགས་ཀྱི་མི་འདུག ང་ཚོགས་ཆུང་འདིའི་ནང་དུ་དུས་ཚོད་དེ་ཙམ་ཞིག་གཏོང་དགོས་ཀྱི་འདུག་ཅེས་རྒྱུ་མཚན་ཐོག་ནས་གསུང་གི་འདུག འདི་ཡིན་དུས་འགན་བཞེས་མཁན་དེ་དག་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུའི་འདོད་པ་བྱུང། གྲོས་ཚོགས་ཀྱི་ར་བ་འདིའི་ནང་དུ་སླེབས་ཚར་བའི་རྗེས་སུ་སྤྱི་པའི་ལས་དོན་ག་རེ་ཡིན་པ་ཡིན་ནའང་དུས་ཚོད་ཅིག་གཏོང་དགོས་ཀྱི་རེད་མ་གཏོགས་མིང་རྐྱང་པ་ཞིག་ཁྱེར་ནས་སྡོད་བསྡད་པས་ཕན་ཐོགས་རྒྱུ་ཡོད་པ་མ་རེད། མིང་རྐྱང་པ་ཞིག་ཁྱེར་ནས་གྲོས་ཚོགས་འདིའི་ནང་དུ་གསུངས་པའི་སྐབས་སུའང་ད་དུང་གཞན་ལ་ཟུར་ཟ་དང་སྐྱོན་བརྗོད་དེ་འདྲའི་གནས་སྟངས་གསུངས་བསྡད་པ་ཡིན་ན་སོ་སོའི་ལས་འགན་འདི་ཏག་ཏག་སྒྲུབ་ཀྱི་འདུག་དང་མི་འདུག འདིའི་ཐོག་ལ་དགོངས་པ་བཞེས་དགོས་ཀྱི་ཡོད་པ་རེད། འདིའི་རྗེས་སུ་ང་ཚོ་ཚོགས་ཆུང་བཙུགས་དགོས་པའི་གནས་སྟངས་དེ་འདྲ་ཡོད་པ་རེད། དེ་ཚོ་ལའང་དགོངས་པ་བཞེས་དགོས་པ་འདི་གལ་ཆེན་པོ་འདུག་བསམ་གྱི་འདུག

དེ་ནས་ལས་འགུལ་སྤེལ་ཕྱོགས་ཀྱི་སྐོར་ལ་ད་གིན་ངས་ཞུས་པ་ནང་བཞིན་ང་རང་ཚོའི་སྤྱི་ཚོགས་ཀྱི་ནང་དུ་གནས་ཚུལ་ཆེ་ཕྲ་ཆུང་གསུམ་ཡོང་གི་རེད། དེ་དག་ང་ཚོས་གདོང་ལེན་བྱེད་དགོས་ཀྱི་རེད། ཁ་སང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསལ་བཤད་གནང་བའི་སྐབས་སུའང་གསུངས་སོང། ང་ཚོ་བོད་པ་ཕལ་ཆེར་ལུང་པ་ ༣༧ ཙམ་གྱི་ནང་དུ་ཁ་ཐོར་ནས་བསྡད་ཡོད་པ་རེད། དེ་དག་ཚང་མའི་ནང་དུ་གསུམ་བཅུའི་དུས་དྲན་ལས་འགུལ་སྤེལ་གྱི་ཡོད་པ་རེད། ད་རེས་ New York དང་ New Jersey ལ་རྙོག་དྲ་ཞིག་བྱུང་བ་རེད། གནས་ཚུལ་འདི་ང་རང་ཚོ་ནང་ཁུལ་སྐད་ཆ་བཤད་པ་ཡིན་ནའང་འགྲིག་རྒྱུ་ཞིག་རེད། ཡིན་གཅིག་མིན་གཅིག་གྲོས་ཚོགས་ནང་དུ་དེ་ཙམ་ཤུགས་ཆེན་པོ་ཞིག་གསུངས་དགོས་ཀྱི་ཡོད་དམ་མེད། དེ་ཙམ་དགོས་པ་ཡོད་དམ་མེད་ཟེར་བ་འདི་བསམ་བློ་གཏོང་དགོས་པ་ཞིག་རེད་བསམ་གྱི་འདུག ཕ་གིར་གནས་ཚུལ་ཞིག་བྱུང་བ་རེད། གནས་ཚུལ་བྱུང་བ་དེར་རྒྱུ་དང་རྐྱེན་མང་པོ་ཞིག་ལ་བརྟེན་ནས་བྱུང་ཡོད་ཀྱི་རེད། བྱུང་རིམ་དེ་སོ་སོའི་འདོད་ཕྱོགས་ཀྱིས་འགྲེལ་བཤད་འདྲ་མི་འདྲ་ཡོང་སྡོད་ཀྱི་ཡོད་པ་རེད། ཡིན་ནའང་ང་རང་ཚོས་ག་རེ་བྱེད་དགོས་ཀྱི་ཡོད་པ་རེད། སྤྱི་ཡོངས་ཀྱི་གནས་སྟངས་ལ་གཟིགས་དགོས་རྒྱུ་འདི་གལ་ཆེན་པོ་རེད། ཕྱོགས་གཅིག་ནས་གསུངས་ཡོང་སྐབས་འདི་ལམ་སེང་འདིར་གཅིག་ཁྱེར་ཡོང། ཕྱོགས་གཞན་ཞིག་ནས་གསུངས་ཡོང་སྐབས་འདི་ལམ་སེང་འདིར་ཁྱེར་ཡོང་བའི་སྐབས་སུ་ང་ཚོས་འདིའི་བར་འདིར་མཐུད་ཀ་ལྟ་བུ་རྒྱག་མ་ཐུབ་པར་གསུང་དགོས་པ་དེ་དག་གསུངས་གྲུབ་པ་བྱས། འདི་མར་ཞི་འཇམ་ཡོང་རྒྱུ་དེ་དཀའ་ལས་ཁག་ཏུ་འགྲོ་རྒྱུ་རེད། བོད་ནང་དུ་ཛ་དྲག་གི་གནས་ཚུལ་དེ་འདྲ་ཡོང་གི་ཡོད་དུས་ང་རང་ཚོས་འདིར་ལས་འགུལ་མང་པོ་སྤེལ་གྱི་ཡོད་པ་རེད། བཀའ་སྤྱི་ལྷན་རྒྱས་ཀྱི་ཐོག་ནས་ལྡི་ལིར་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་བ་རེེད། བོད་པའི་སྤྱི་ཚོགས་འདི་མང་གཙོ་རེད། མང་གཙོ་ཡིན་པའི་ཐོག་ནས་སོ་སོའི་ཆབ་སྲིད་ལངས་ཕྱོགས་ཡིན་ནའང་རེད། སོ་སོའི་བསམ་བློ་འཁྱེར་སོ་གང་ཡིན་ནའང་མི་འདྲ་བ་ཞིག་ཡོང་སྡོད་ཀྱི་ཡོད་པ་རེད། ཡོང་ཆོག་གི་རེད། ཡོང་དགོས་ཀྱིའང་རེད། ཡིན་པ་ཡིན་ནའང་གཞི་རྒྱ་ཆེ་བའི་ལས་འགུལ་དེ་འདྲ་སྤེལ་བའི་སྐབས་སུ་སུས་གོ་སྒྲིག་གནང་གི་ཡོད་པ་ཡིན་ནའང། སྔོན་མ་ཡིན་ན་ང་ཚོའི་དེར་སྐྱོན་བརྗོད་བྱུང་བ་རེད་དེ། ཡིན་པ་ཡིན་ནའང་ཐབས་ལམ་ཡག་ཤོས་དེ་འདི་མིན་འགྲོ་བསམ་པ་གཅིག ཕྲེད་དར་དང་སྦྱར་ཡིག་ཡིན་ན་གཅིག་མཚུངས་ལྟ་བུ་ཞིག་ཁྱེར། སྐད་འབོད་དེ་དག་སྟངས་འཛིན་བྱེད་ཐུབ་རྒྱུ་ཁག་པོ་ཞིག་རེད། དེ་འདྲ་ཕྲན་བུའི་ལྷུག་ཙམ་གནང་བ་ཡིན་ན་མ་འོངས་པར་ཚང་མ་ལ་དཀའ་ངལ་མ་འཕྲད་རྒྱུའི་རིམ་པ་ཞིག་སྔོན་མ་ང་ཚོར་དཔེ་ཞིག་ཡོད་པ་རེད། ཡང་གཞུང་འབྲེལ་མ་ཡིན་པ་ཚོར་དེ་འདྲ་གནང་དགོས་རེད་ཅེས་ང་ཚོས་བཀའ་གཏོང་ཐུབ་རྒྱུ་ཡོད་པ་མ་རེད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སོ་སོའི་ཕྱག་ལས་གནང་སྟངས་འདི་སོ་སོའི་འགྲོ་སྟངས་ཤིག་གི་འོག་ནས་འགྲོ་སྡོད་ཀྱི་ཡོད་པ་རེད། ཡིན་པ་ཡིན་ནའང་དེ་འདྲ་ཞིག་བྱུང་བ་ཡིན་ན་ཡག་པོ་ཡོད་པ་རེད་ཅེས་འདི་ཞུ་ཡི་ཡོད། ད་ལྟ་ཕར་ཕེབས་ནས་ཨ་རི་དོན་གཅོད་དང་། བྱང་ཨ་རིའི་སྤྱི་འཐུས་རྣམ་པ་གཉིས་བཅས་ཁོང་རྣམ་པ་གསུམ་གྱི་གཙོ་སྐྱོང་འོག་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོ་བཀའ་མོལ་གནང་རྒྱུའི་འཆར་གཞི་ཞིག་ཡོད་པ་རེད། དེ་ཚོའི་ཐོག་ལ་ཡིན་པ་ཡིན་ནའང་སྔོན་མ་བྱུང་ཟིན་པའི་གནས་ཚུལ་བྱུང་ཟིན་པ་རེད། དེའི་སྐོར་དེ་ཙམ་ཞིག་ཡར་བཤད་མར་བཤད་བྱས་ནས་ཕན་ཐོགས་རྒྱུ་གང་ཡང་ཡོད་པ་མ་རེད། ཁོ་མེད་པ་བཟོ་ཐུབ་རྒྱུ་ཡོད་པ་མ་རེད། གལ་ཆེ་ཤོས་དེ་མ་འོངས་པར་འདི་དང་དེའི་རིགས་མ་ཡོང་བར་ག་རེ་བྱེད་དགོས་ཀྱི་རེད། གང་འདྲ་གནང་དགོས་ཀྱི་འདུག དེ་དག་ལ་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད། འདི་མ་གཏོགས་ལོ་རྟག་ཏུ་གནས་ཚུལ་དེ་འདྲའི་རིགས་རེ་རེ་བཟོ་གིན་བསྡད་པ་ཡིན་ན་ཕན་ཐོགས་དེ་སུ་ལ་ཡོང་གི་ཡོད་པ་རེད་དམ། ང་རང་ཚོ་བོད་པའི་སྤྱི་པར་ཕན་ཐོགས་ཡོང་གི་ཡོད་པ་རེད་དམ། ང་ཚོའི་ཁ་གཏད་རྒྱ་ནག་ལ་ཕན་ཐོགས་ཡོང་གི་ཡོད་པ་རེད་དམ། དེ་བལྟ་དགོས་རྒྱུ་གལ་ཆེན་པོ་རེད། དེ་བཞིན་གནས་ཚུལ་དེ་འདྲ་བྱུང་བའི་སྐབས་སུ་ག་དུས་ཡིན་ནའང་སྐད་འཕྲིན་དང་སྤྱི་ཚོགས་ཀྱི་དྲ་རྒྱ་དེ་དག་གི་ནང་དུ་ཤུགས་ཆེན་པོ་གཏོང་རྒྱུ། འདི་སུར་ཕན་ཐོགས་ཀྱི་ཆེད་དུ་གཏོང་གི་ཡོད་པ་རེད་དམ། སུ་ལ་དགོས་མཁོ་ཡོད་པ་རེད་དམ། དཔེར་ན་ངས་མང་ཚོགས་ལ་སྐད་ཆ་བཤོད་པའི་སྐབས་སུ་ལབ་ཀྱི་ཡོད། དོལ་རྒྱལ་གྱི་གནས་ཚུལ་ལྟ་བུ་ཞིག་ཡིན་པ་ཡིན་ནའང་ཁོ་ཚོའི་དམངས་ཁྲོད་ཁ་བརྡ་ཟེར་བ་འདི་ག་རེ་བྱས་ནས་བཙུགས་པ་རེད། ཁོ་རང་ཚོ་ཁྱབ་བསྒྲགས་ཡོང་རྒྱུའི་ཆེད་དུ་བཙུགས་པ་རེད། ང་ཚོས་ཇི་ཙམ་བལྟས་པ་ཡིན་ནའང་ཁོང་ཚོའི་ཁྱབ་བསྒྲགས་ལ་ཕན་གྱི་ཡོད་པ་རེད། ཡ་མ་བྱས་ནས་བཞག་བཞག་པ་ཡིན་ན། ཁོ་རང་ཚོ་ཁོ་རང་ཚོ་སླར་ཡང་བལྟས་ནས་སྨྱོན་པ་འདྲ་ཆགས་ན་མ་གཏོགས་ཕན་ཐོགས་གང་ཡང་ཡོང་གི་མ་རེད། ང་ཚོའི་སྤྱི་ཚོགས་ནང་དུ་གནས་ཚུལ་ཕྲན་བུ་ཞིག་བྱུང་བ་ཡིན་ན་ལམ་སེང་ཁོང་ཚོས་འདི་བེད་སྤྱོད་བཏང་ནས་སྤྱི་ཚོགས་ཀྱི་ནང་དུ་ཇི་ཙམ་ཞིག་བཀྲམས་ཀྱི་འདུག འདི་ང་ཚོ་ཁོང་ཚོའི་ཁྱབ་བསྒྲགས་འགྲོ་རྒྱུའི་ལག་ཆ་ཆགས་ཀྱི་འདུག་གམ་མི་འདུག དེང་སང་བརྒྱུད་ལམ་མང་པོ་ཞིག་ཡོད་པ་རེད། སྤྱི་ཚོགས་ཀྱི་དྲ་རྒྱ་མང་པོ་ཡོད་པ་རེད། གནས་ཚུལ་གཅིག་བྱུང་བ་དང་ཧ་སང་སང་ཧོན་ཐོར་ཐོར་བྱས་ནས་ལམ་སེང་ཕར་བཏང་བཞག་གི་འདུག དང་པོ་གནས་ཚུལ་བྱུང་བ་དང་བསམ་བློ་ཞིག་བཏང། འདི་ངས་མི་བརྒྱ་ལ་བཏང་བ་ཡིན་ན་ཕན་ཐོགས་རྒྱུ་ཞིག་རེད་འདུག་གམ་གནོད་སྐྱེལ་རྒྱུ་ཞིག་རེད་འདུག་གམ་དེ་དགོངས་པ་བཞེས་དགོས་པ་དེ་གལ་ཆེན་པོ་རེད་འདུག་བསམ་གྱི་འདུག ང་རང་ཚོར་ཁ་གཏད་བྱས་མཁན་ལ་གདོང་ལེན་བྱེད་རྒྱུར་ཡག་ཤོས་དེ་ཁག་གཅིག་ཡ་མེད་གཏོང་དགོས་པ། ཁག་གཅིག་གདོང་དང་གདོང་ཐུག་ནས་བྱེད་དགོས་པ་དེ་འདྲ་ཡོད་པ་རེད། འདི་ཁོ་རང་ཁོ་རང་གི་རིམ་པ་མི་འདྲ་བ་མི་འདྲ་བ་དེ་ཚོ་བྱས་པ་ཡིན་ན་ཡག་པོ་ཡོད་པ་རེད་བསམ་གྱི་ཡོད། ད་འདི་ཚོགས་གཙོ་གཉིས་ཀྱི་བསམ་ཚུལ་རེད།

དེ་བཞིན་རྒྱལ་སྤྱིའི་ནང་དུ་བོད་དོན་ལ་རྒྱབ་སྐྱོར་ཚད་མཐོ་དང་དམའ་དེ་འདྲའི་དཀའ་མོལ་མང་པོ་ཞིག་བྱུང་བ་རེད། ང་ཚོས་འདིར་གསུངས་པའི་སྐབས་སུ་བོད་ནང་ལོགས་ནས་བོད་མི་ཚོས་དོ་སྣང་མང་པོ་ཞིག་བྱེད་ཀྱི་ཡོད་པ་དེ་ང་ཚོས་མཁྱེན་དགོས་ཀྱི་རེད། ང་ཚོས་འདི་ནས་གོ་བརྡ་སྤྲོད་སྟངས་འདི་སོ་སོའི་གོ་བ་ལེན་ཕྱོགས་ཤིག་གི་ཐོག་ནས་བོད་དོན་རྒྱབ་སྐྱོར་ཤུགས་ཆུང་དུ་འགྲོ་ཡོད་པ་རེད་ཟེར་བ་དེ་འདྲ་གསུང་བསྡད་པ་ཡིན་ན། བོད་ནང་དུ་ཉན་མཁན་ཚོས་འདི་དངོས་གནས་མིན་འགྲོ་བསམ་བསམ་ཞིག སེམས་ཤུགས་ཆག་རྒྱུའི་གཞི་ཞིག་ཆགས་མི་སྲིད་པ་མ་རེད། གོ་བ་ལེན་ཕྱོགས་ཀྱི་ཐོག་ནས་རེད་མ་གཏོགས་ཁ་སང་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་གསལ་བཤད་གནང་སོང། དཔེར་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་རྒྱལ་ཡུལ་གྲུ་རེ་རེར་ཆིབས་བསྒྱུར་གནང་བའི་སྐབས་སུ་གསུང་ཆོས་ཡིན་ནའང་རེད། མང་ཚོགས་ལ་བཀའ་སློབ་གནང་རྒྱུ་ཡིན་པ་ཡིན་ནའང་རེད། མིའི་གྲངས་ཚད་མང་དུ་མང་དུ་འགྲོ་ཡི་ཡོད་པ་རེད་མ་གཏོགས་ཉུང་དུ་རྩ་བ་ཉིད་ནས་འགྲོ་ཡི་ཡོད་པ་མ་རེད། དེ་ཙམ་གྱིས་བོད་པའི་ཆོས་དང་རིག་གཞུང་ལ་དོ་སྣང་བྱེད་ཀྱི་ཡོད་པ་འདི་དེ་ག་རང་གིས་སྟོན་གྱི་ཡོད་པ་རེད། རྒྱལ་སྤྱིའི་ནང་དུ་བོད་དོན་རྒྱབ་སྐྱོར་ཡོང་དང་མ་ཡོང་ཟེར་བ་གཙོ་བོ་དེ་༸རྒྱལ་བ་རིན་པོ་ཆེའི་མཛད་འཕྲིན་གཅིག་རེད། གཉིས་པ་དེ་བོད་ནང་དུ་བོད་མིས་དཀའ་ལས་བརྒྱབས་བཞག་པའི་གནད་དོན་དེ་དག་རྒྱལ་སྤྱིའི་ཁྱོན་ཡོངས་ལ་ཁྱབ་བསྒྲགས་ཤིག་འགྲོ་དུས། རང་བཞིན་གྱིས་བོད་པར་ཤ་ཚ་ཞིག་སླེབས་སྡོད་རྒྱུ་དང། རྒྱབ་སྐྱོར་ཐོབ་བསྡད་པའི་གནས་སྟངས་ཤིག་ཆགས་བསྡད་ཀྱི་ཡོད་པ་རེད། དཔེར་ན་ ༢༠༠༨ ལོར་བོད་ནང་དུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་ནས་བྱས་ཏེ་ད་ལྟ་བར་དུ་བརྩིས་པ་ཡིན་ན། དེའི་སྔོན་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡོད་པ་རེད། བོད་པ་དེ་དུས་ཕྱི་རྒྱལ་ལ་ཉུང་བ་ཡོད་པ་རེད། དེང་དུས་བོད་པ་མང་དུ་ཕྱིན་ཡོད་པ་རེད། མདུན་ལ་ཐོན་རྒྱུ་བོད་པ་མང་པོ་ཐོན་གྱི་ཡོད་དུས། ཕྱི་རྒྱལ་བ་ཉུང་ཉུང་ལྟ་བུ་ཞིག་མཐོང་བསྡད་རྒྱུའི་གནས་ཚུལ་ཞིག་ཡོད་པ་རེད། ཡིན་པ་ཡིན་ནའང་ ༢༠༠༨ ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་ནས་ད་ལྟ་བར་དུ་རང་ལུས་མེར་བསྲེགས་འགྲོ་བསྡད་པའི་གནད་དོན་དེ་འདྲ་མང་པོ་ཞིག་གིས་རྐྱེན་པས་བོད་པའི་གནས་ཚུལ་གོ་རྟོགས་འཛམ་བུ་གླིང་ནང་དུ་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད་དམ་ཞུས་ན་ཏན་ཏན་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད། བོད་པའི་གནས་ཚུལ་ཇི་ཙམ་མགོ་ཚོས་ན་དེ་ཙམ་གྱི་རྒྱབ་སྐྱོར་མང་བ་ཡོང་གི་ཡོད་པ་དེ་ང་རང་ཚོ་ཚང་མས་ཤེས་ཤེས་པ་རེད། དེ་རིང་ངས་གྲོས་ཚོགས་འདི་བརྒྱུད་ནས་ཚོགས་གཙོའི་ལས་འགན་གྱི་ཐོག་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་མང་པོ་ཞིག་ལ་འགྲོ་ཡི་ཡོད་པ་རེད། དེ་འདྲ་འགྲོ་ཡི་ཡོད་དུས་བོད་དོན་རྒྱབ་སྐྱོར་ཤུགས་ཆུང་དུ་འགྲོ་ཡི་ཡོད་པའི་རྣམ་པ་འདི་མཐོང་གི་མི་འདུག ཡིན་ནའང་བོད་དོན་རྒྱབ་སྐྱོར་བ་རང་མང་ཉུང་དང་། ཚགས་ཚུད་དང་མ་ཚུད་དང་དེ་འདྲའི་གནས་སྟངས་ཀྱི་ཐོག་ནས་འཛིན་སྐྱོང་གི་ངོས་ནས་ཐུགས་སྣང་གནང་དགོས་པ་ཞིག་ཆགས་བསྡད་ཡོད་པ་རེད། དེ་ཚོའི་ཐོག་ལ་དགོངས་པ་བཞེས་དགོས་རེད། ཡིན་ནའང་རྒྱ་ཆེ་ས་ནས་བོད་པར་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་བསྡད་ཡོད་པ་རེད་མ་གཏོགས་ཤུགས་ཆུང་དུ་འགྲོ་བསྡད་ཡོད་པ་མ་རེད་ཅེས་འདི་གཅིག་ཞུ་རྒྱུ་ཡིན།

དེ་ནས་ང་ཚོའི་ཚོགས་འདུ་རྡ་རམ་ས་ལར་ཚོགས་བསྡད་ཡོད་པ་རེད། དེང་སང་ང་ཚོས་ཕྱི་གསལ་ནང་གསལ་ཟེར་དགོས་རེད་དམ། གྲོས་ཚོགས་ཀྱི་འགྲོ་ལུགས་དེ་དག་ཡིན་པ་ཡིན་ནའང་ཉིན་མ་རྟག་པར་ཐད་ཀར་རྒྱང་སྲིང་བྱེད་ཀྱི་ཡོད་པ་རེད། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཡིན་པ་ཡིན་ནའང་རེད། མཛད་སྒོ་དེ་དག་ཚང་མ་ཐད་ཀར་རྒྱང་སྲིད་བྱེད་ཐུབ་རྒྱུའི་འཕྲུལ་ཆས་ཀྱི་ནུས་པ་དེ་འདྲ་ཞིག་སླེབས་བསྡད་ཡོད་པ་རེད། ཡིན་པ་ཡིན་ནའང་ང་ཚོ་གཞུང་འབྲེལ་གྱི་མཛད་སྒོ་དེ་འདྲ་ཚོགས་པའི་སྐབས་སུ་མི་མང་ཚོ་ནང་དུ་མ་བཞུགས་པར་གཙུག་ལག་ཁང་དུ་ཡོང་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད། འདི་ཆབ་སྲིད་ཀྱི་བརྡ་ཤུགས་ཆེན་པོ་ཞིག་གཏོང་གི་ཡོད་པ་རེད། ཚོགས་འདུར་སོང་ན་ཆོ་གང་ཡོད་པ་རེད། ང་ཚོས་བརྙན་འཕྲིན་ནང་དུ་མཐོང་ནི་མཐོང་གི་འདུག་ཅེས་ནང་དུ་བསྡད་བསྡད་པ་ཡིན་ན། མི་མང་གི་ཚོར་བ་ཟེར་བ་དེ་མི་མང་གི་འདུ་འཛོམས་ཐོག་ནས་སྟོན་ཐུབ་ཀྱི་ཡོད་པ་རེད་མ་གཏོགས། ནང་དུ་བསྡད་པ་གཅིག་པུས་སྟོན་ཐུབ་ཀྱི་མ་རེད། དེ་ཡིན་དུས་ང་རང་ཚོའི་གསུམ་བཅུའི་དུས་དྲན་རེད། དེ་བཞིན་འཁྲུངས་སྐར་དུས་ཆེན། མང་གཙོའི་དུས་དྲན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་ཉིན་མོ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོའི་མཛད་སྒོ་ལྟ་བུ་དེ་དག་ཉི་མ་བཞི་ཞིག་ལོ་གཅིག་གི་ནང་དུ་ཚོགས་ཀྱི་ཡོད་པ་རེད། མཛད་སྒོ་དེ་དག་ལ་མི་མང་ཚོ་ཕྲན་བུའི་ཐག་རིང་ནས་ཕེབས་དགོས་ཀྱི་ཡོད་ནའང་ཕེབས་ནས་མཉམ་ཞུགས་གནང་རྒྱུ་གལ་ཆེན་པོ་རེད། འདི་མ་གཏོགས་སློབ་གྲྭའི་ཕྲུ་གུ་ཚོ་མེད་པ་ཡིན་ན་མཛད་སྒོའི་ཉམས་ལྟ་བུ་དེ་གང་དུ་སླེབས་སོང་ངམ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གནང་བ་ཡིན་ན་འདིར་འཚང་ཁ་བཤིག་བཤིག་ལྟ་བུ་ཞིག་བྱེད་ཀྱི་རེད། འདི་མ་གཏོགས་གཅིག་དེང་སང་ཡོང་མི་དགོས་པ་ལྟ་བུ་ཞིག་གི་གནས་སྟངས་ཤིག་མཐོང་བསྡད་ཀྱི་འདུག འདི་ཡག་པོ་མ་རེད་བསམ་གྱི་འདུག འདི་མི་མང་ལ་འབོད་སྐུལ་ཞུ་རྒྱུ་ཡིན། དེ་རིང་གྲོས་ཚོགས་འདི་བརྒྱུད་ནས་རྡ་རམ་ས་ལ་གཅིག་པུ་མ་རེད། ས་གནས་གང་འདྲ་ཞིག་ཡིན་པ་ཡིན་ནའང་དེ་དག་སྲུང་བརྩི་བྱེད་པའི་སྐབས་དེ་དག་ལ་མི་མང་མཉམ་འཛོམས་དང། མཉམ་ཞུགས་བྱེད་དགོས་པ་འདི་ཧ་ཅང་གི་གལ་ཆེན་པོ་རེད་བསམ་གྱི་ཡོད།

དེ་ནས་གྲོས་ཚོགས་ཀྱིས་བཙུགས་བཞག་པའི་ཚོགས་ཆུང་དང་འབྲེལ་བའི་ཐོག་ནས་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་དང་འབྲེལ་བའི་ཐོག་ནས་ང་ཚོའི་གྲོས་ཚོགས་ནང་དུ་གླེང་སློང་ཕྲན་ཙམ་བྱུང་བ་རེད། ད་ལྟ་མཇུག་བསྡོམས་སྐབས་སུའང་གྲོས་ཚོགས་ནང་དུ་བཞུགས་མི་འདུག འདི་བརྒྱུད་ནས་ང་ཚོས་ཉམས་མྱོང་ག་རེ་ལེན་དགོས་ཀྱི་རེད་དམ་ཞུས་པ་ཡིན་ན། འཛིན་སྐྱོང་གིས་ཕྱག་ལས་ག་རེ་གནང་བ་ཡིན་ནའང་འདི་ཚད་དང་ལྡན་པ་ཞིག་གནང་དགོས་པ། མང་ཆེ་བ་ཞིག་ཚད་དང་ལྡན་པ་ཞིག་ཡོང་གི་ཡོད་པ་དེ་ང་ཚོས་ངོས་འཛིན་ཞུ་ཡི་ཡོད། གནས་ཚུལ་དེ་འདྲ་ཞིག་བྱུང་བ་རེད་དེ་གནས་ཚུལ་འདི་བྱུང་བའི་རྐྱེན་གྱིས་སྤྱི་ཚོགས་ནང་དུ་ཤུགས་རྐྱེན་མང་པོ་ཞིག་བྱུང་བ་རེད་ལ། གྲོས་ཚོགས་ནང་དུའང་དུས་ཚོད་གང་ལ་གང་འཚམས་ཤིག་གཏོང་དགོས་པའི་གནས་སྟངས་དེ་འདྲ་བྱུང་བ་རེད། འདི་ཡིན་དུས་ང་ཚོ་སྤྱི་པའི་འགན་ཁུར་མཁན་སུ་ཡིན་པ་ཡིན་ནའང་སོ་སོས་ལྷག་བསམ་རྣམ་དག་བྱེད་ཀྱི་ཡོད་པ་དེ་སོ་སོས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཡིན་པ་ཡིན་ནའང་གཞན་ཚོས་གང་འདྲ་བལྟ་ཡི་འདུག སོ་སོའི་ལས་ཀ་འདིར་སྐྱོན་ནོར་འཁྲུལ་གང་འདྲ་ཡོང་གི་འདུག དེ་ཚོ་སྐབས་སྐབས་ནས་དཔྱད་པ་ལྟ་བུ་ཞིག་བྱས། སོ་སོས་དེ་འདྲ་ཞིག་བྱས་པ་ཡིན་ན་འདི་ལྟ་བུའི་གནས་ཚུལ་ཡོང་མི་དགོས་པ་ལྟ་བུ་ཞིག་མཐོང་གི་ཡོད། འདིའི་གནས་ཚུལ་གྱི་བྱུང་རིམ་ཆ་ཚང་གི་ཐོག་ནས་གང་ལྟར་འཚོ་བྱེད་སྨན་ཁང་དང་ཀོ་ལི་གྷལ་སྨན་ཁང་དང་བཅས་ཞིབ་འཇུག་བྱེད་དགོས་པའི་གནས་སྟངས་དེ་འདྲ་དང། ལས་བྱེད་ཁ་ཤས་གནས་དབྱུང་གཏོང་དགོས་པའི་གནས་སྟངས། ལས་བྱེད་མང་པོ་ཞིག་ཕར་ཚུར་གནས་སྤོས་གཏོང་དགོས་པའི་གནས་སྟངས། དེ་དག་ཚང་མའི་ཐོག་ནས་ང་ཚོའི་ལས་ཀྱི་སྣེ་མོ་བ་ཚོས་ཉམས་མྱོང་ལེན་དགོས་པ་ཞིག་དང། བསླབ་བྱ་ལེན་དགོས་པ་ཞིག་དང། ལས་བྱེད་ནང་དུ་ཡིན་པ་ཡིན་ནའང་སྤྱི་པའི་ལས་དོན་བྱེད་པའི་སྐབས་སུ་ལས་དོན་ཚགས་ཚུད་པོ་ཡོང་རྒྱུ་ཞིག་དང་། གྲ་འགྲིག་པོ་ཡོང་རྒྱུ། དེ་བཞིན་ལྐོག་ཟ་རུལ་སུངས་དང་ངན་བྱུས་དེ་འདྲ་མེད་པའི་གནས་སྟངས་གསལ་པོ་བཟོ་དགོས་པ་གནས་སྟངས་ཡག་པོ་བྱས་ནས་བསྐྲུན་དགོས་པ་འདི་གལ་ཆེན་པོ་ཞིག་རེད་བསམ་གྱི་འདུག དེ་རིང་ང་ཚོ་འདིར་འཕྲོད་བསྟེན་བཀའ་བློན་གཅིག་པུའི་བཀའ་མོལ་མ་རེད། ང་ཚོ་སྤྱི་ཡོངས་ནས་གནས་ཚུལ་དེ་འདྲ་མ་ཡོང་བ་དང། སོ་སོའི་ལས་འགན་ཡག་པོ་བསྒྲུབ་དགོས་པའི་གནད་དོན་གལ་ཆེན་པོ་རེད་བསམ་གྱི་འདུག

དེ་ནས་ང་ཚོ་ཁྲིམས་བཟོའི་ལས་དོན་དང་འབྲེལ་བའི་ཐོག་ནས་རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང། ཨོ་སི་ཀྲེ་ལེ་ཤི་ཡའི་ས་ཆ་འདིར་ང་ཚོས་སྤྱི་འཐུས་གཅིག་ཕུལ་ཐུབ་པ་རེད། ང་རང་ཚོ་འདིར་གྲོས་ཚོགས་ནང་དུ་གང་ཐག་གཅོད་པ་ཡིན་ནའང་མང་གཙོའི་ལམ་ལུགས་གཞིར་བཟུང་བྱས་ནས་ཐག་གཅོད་ཀྱི་ཡོད་པ་རེད། ཁ་སང་ཚོགས་འདུ་དབུ་འབྱེད་སྐབས་སུའང་ཞུས་པ་ཡིན། མང་གཙོའི་ལམ་ལུགས་གཞིར་བཟུང་བྱས་ནས་ཐག་བཅད་ནས་འགྲོ་ཡི་རེད། འདིས་ཐོན་པ་དང་མ་ཐོན་པའི་གནས་སྟངས་ཀྱི་འོག་ནས་སྤྱི་ཚོགས་ནང་ལོགས་ལ་འཁྲུག་རྐྱེན་མ་ཐེབས་པ་ཞིག་ང་རང་ཚོ་ཚང་མས་བསམ་བློ་གཏོང་དགོས་པ་རེད་ཅེས་ཞུས་པ་ཡིན། ད་ལྟ་ང་ཚོ་འདིར་གྲོས་ཚོགས་མཇུག་བསྡུས་པའི་སྐབས་འདིར་ཕྱི་ལོགས་ལ་ཇོ་ནང་པ་ལ་སྤྱི་འཐུས་གཉིས་སྤྲད་མ་སོང་ཞེས་རྣམ་འགྱུར་ཞིག་བསྟན་ཏེ་བཞུགས་སྡོད་ཡོད་པ་རེད། ཁོང་རྣམ་པས་དགོས་འདུན་དོན་ཚན་བཞི་ཞིག་སྟོན་འདུག དེའི་ནང་ལ་གཞིས་བྱེས་བོད་མི་ཁྲི་ཕྲག་མང་པོའི་ལོ་ངོ་བཅོ་བརྒྱད་ལྷག་གི་རིང་སྙན་ཞུ་བརྒྱ་ཕྲག་ལྷག་ཕུལ་བ་རྩིས་མེད་བཏང་དགོས་དོན་ཅི་ཡིན་གསལ་བཤད་བྱ་དགོས། དེའི་གནད་དོན་ང་རང་ཚོ་སྤྱི་འཐུས་ཚང་མས་མ་མཁྱེན་པ་གང་ཡོད་པ་མ་རེད། མང་ཚོགས་ནང་ལ་མ་མཁྱེན་པ་གང་ཡང་ཡོད་པ་མ་རེད། ང་ཚོ་མང་གཙོའི་ལམ་སྲོལ་ཞིག་ལ་འགྲོ་ཡི་ཡོད་པ་རེད། ཕུལ་མ་ཐུབ་པ་དེ་མ་ཐུབ་པ་རང་རེད། མ་འོངས་པར་ཁོ་རང་ཚོས་ཞུ་སྐུལ་བྱེད་སྟངས་དེ་ཚོ་ཚད་དང་ལྡན་པ་བྱས་པ་ཡིན་ན། རྗེས་མ་ཞིག་ལ་གཟིགས་རྒྱུ་རེད། དེ་མ་གཏོགས་དེའི་སྒང་ལ་དམིགས་བསལ་ཞུ་རྒྱུ་གང་ཡང་མི་འདུག

གཉིས་པ། ས་སྐྱའི་སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོའི་གཙོས་ཆོས་བརྒྱུད་སྤྱི་འཐུས་རྣམས་ཀྱིས་༸གོང་ས་མཆོག་གི་བཀའ་སློབ་དང་། བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་ཀྱིས་ཇོ་ནང་པར་རྒྱབ་གཉེར་སྤྲད་པའི་ཡིག་ཆ། དེ་བཞིན་དུ་ཆོས་ཚོགས་ཐེངས་བཅུ་གཅིག་པའི་གྲོས་ཆོད་བཅས་རྩིས་མེད་བཏང་དོན་ཅི་ཡིན་གསལ་བཤད་བྱ་དགོས། ཅེས་པ་དེ་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་བྱས་ནས་ལན་ཞུ་ཐུབ་རྒྱུ་ཡོད་པ་མ་རེད། གསུམ་པ། ཐེངས་འདིའི་གྲོས་ཚོགས་སྟེང་དྲང་བདེན་མིན་པའི་ཐག་གཅོད་ལ་ངོས་ལེན་མེད་པར་མ་ཟད། བགྲོ་གླེང་ཙམ་ཡང་མ་བྱས་པའི་དགོངས་དོན་ཅི་ཡིན་གསལ་བཤད་བྱ་དགོས། དེ་ངས་ཁ་སང་གྲོས་ཚོགས་ནང་གསལ་པོ་ཞུས་པ་ཡིན། ང་རང་ཚོ་གྲོས་ཚོགས་ཀྱི་ལས་རིམ་དེ་བཀུར་འོས་སྤྱི་འཐུས་རྣམ་པ་ཚང་མས་མཁྱེན་གྱི་ཡོད་པ་རེད། ལས་རིམ་གྱི་འགྲོ་སྟངས་དང་ལྷག་པར་དུ་ཁྲིམས་བཟོ་བའི་སྐབས་ལ་ཚུད་དང་མ་ཚུད་བལྟ་རྒྱུ། དང་པོ་ཁྲིམས་འཆར་འདོན་མཁན། རྒྱབ་སྐྱོར་ཞུ་མཁན། དེ་ནས་ཚུད་དང་མ་ཚུད་བལྟ་རྒྱུ་རེད། ཆེད་མངགས་དོ་དམ་པོ་ཡོང་བའི་ཆེད་དུ་བརྗོད་པ་དང་པོ། བརྗོད་པ་གཉིས་པ། བརྗོད་པ་གསུམ་པ། དེ་བཞིན་འགྲོ་བཞིན་ཡོད་པ་རེད། བརྗོད་པ་གཉིས་པའི་སྐབས་ལ་གསུང་དགོས་མཁན་ཡོད་ན་ཕྱག་བརྐྱང་རྒྱུའི་གོ་སྐབས་ཡོད་པ་རེད། ག་རེ་ཡིན་ཟེར་ན། ཁ་སང་ལས་རིམ་རྣམ་གཞག་ཅིག་ཕེབས་པ་རེད། ལས་རིམ་རྣམ་གཞག་ཕེབས་སྟངས་དེ་ཚོགས་གཙོར་འདོད་པ་ཁེངས་པ་མ་བྱུང་ཞུ་རྒྱུ་ཡིན། ལས་རིམ་རྣམ་གཞག་གནང་མཁན་བཀུར་འོས་སྤྱི་འཐུས་གྲོས་ཚོགས་དེ་ག་རང་ནང་བཞུགས་ཡོད་པ་རེད། གཅིག་བྱས་ན་འདིས་རྒྱུ་མཚན་ལ་བརྟེན་ནས་བསམ་ཚུལ་དེ་སླེབས་མེད་དམ་བསམ་བསམ་ལྟ་བུ་ཞིག་ཡོང་གི་འདུག ཡིན་ནའང་འདི་བརྗོད་པ་གཉིས་པའི་སྐབས་ལ་སོ་སོས་ཕྱག་མ་བརྐྱངས་པ་དང་། དེ་ནས་གཏན་འབེབས་བྱས་ཟིན་པ་དང་། གཏན་འབེབས་བྱས་ཚར་བའི་རྗེས་ལ་ལས་རིམ་རྣམ་གཞག་བཏོན་ཡོང་དུས། སོ་སོའི་ནོར་འཁྲུལ་དེ་ཕར་བཀབ་ནས་ཚོགས་གཙོས་མ་འགྲིག་པའི་ཕྱོགས་འདྲ་བོ་ཞིག བཏོན་ཡོང་ན་དེ་ཏག་ཏག་བསྡད་ཀྱི་མི་འདུག ཅེས་ཞུ་རྒྱུའི་འདོད་པ་བྱུང་། དྲི་བ་དེ་སླེབས་སྡོད་ཀྱི་ཡོད་པ་རེད། ཚོགས་གཙོའི་ངོས་ནས་བགྲོ་གླེང་བྱེད་མ་ཆོག་པར་བཀག་མེད། བཀུར་འོས་སྤྱི་འཐུས་རྣམ་པ་ཚོས་བགྲོ་གླེང་མ་གནང་བ་ཡིན་ན། ཁྱེད་རང་ཚོར་གསུང་རྒྱུ་ཡོད་དམ། ཞེས་ཕར་སྐད་ཆ་དྲིས་བསྡད་པ་ཡིན་ན། དེ་ཡང་ཚོགས་གཙོའི་ཐོག་ནས་ཏག་ཏག་བསྡད་ཀྱི་ཡོད་པ་མ་རེད། དེ་ཡིན་པའི་རྒྱུ་མཚན་གྱིས་ཐག་གཅོད་དེ་འདྲ་ཕྱིན་པ་རེད། མ་གཏོགས་ཆེད་མངགས་བགྲོ་གླེང་མི་དགོས་པའི་གནས་སྟངས་ཤིག་མ་རེད། ཡིན་ནའང་གནས་ཚུལ་གཞན་པ་ཞིག་གི་ཐོག་ནས་བཤད་པ་ཡིན་ན། གནས་ཚུལ་འདི་ཁོ་རང་ཚོས་གསུང་དོན་ལྟར། ལོ་ ༡༨ རིང་ལ་སྙན་ཞུ་ཕུལ་ཡོད། ཕལ་ཆེར་ཚོགས་དྲུང་ལས་ཁུངས་ལ། ཡིག་སྣོད་མཐུག་པོ་གཉིས་གསུམ་ཞིག་ཆགས་བསྡད་ཀྱི་ཡོད་པ་རེད། དེས་ན་གནས་ཚུལ་འདི་ཐོག་ལ་ང་རང་ཚོ་བཞུགས་མོལ་ཚོགས་འདུ་དེ་སྔོན་མ་ཞིག་ལ་ཚོགས་པ་རེད། ༢༠༡༢ ལ་བཞུགས་མོལ་ཚོགས་འདུ་ཚོགས་ནས་གནས་ཚུལ་འདིའི་སྒང་ལ་བགྲོ་གླེང་བྱས་ཡོད་པ་རེད། བགྲོ་གླེང་བྱས་ནས་མཐའ་མའི་ཐག་གཅོད་འབབ་ས་ག་པ་ཞིག་ལ་བབས་ཡོད་པ་རེད། དེ་དུས་ཕྱག་བྲིས་ཕུལ་བ་རེད། སྐབས་ ༡༦ པའི་འོས་ཤོག་མ་བསྡུ་གོང་ལ་ང་ཚོས་ཐག་གཅོད་གཅིག་བྱེད་ཀྱི་ཡིན། ཐག་གཅོད་བྱེད་སྟངས་དེ་མང་གཙོའི་ལམ་ནས་བྱེད་དགོས་པ་རེད། ད་ལྟ་ཡང་བསྐྱར་དོན་ཚན་བཞི་པ་དེའི་ནང་ལ་སྐབས་ ༡༦ པའི་འོས་བསྡུའི་ལས་རིམ་འགོ་འཛུགས་མ་གནང་བའི་སྔོན་དུ། ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་གནང་ཕྱོགས་ཐག་གཅོད་གནང་དགོས་གསུངས་པ་དེ། དེ་རིང་གྲོས་ཚོགས་ནང་ལ་གྲོས་བསྡུར་བྱས་ཟིན་པ་ཞིག དེ་རིང་ཉིན་མཐའ་མ་དེ་ལ་ཡང་བསྐྱར་ཁྱེར་ཐུབ་རྒྱུའི་ལམ་ཁ་ཞིག་ཚོགས་གཙོས་མཐོང་གི་མི་འདུག དེས་ན་དེ་ཚོའི་གནད་དོན་དེ་ཚོ་དགོངས་པར་འཇགས་པའི་ཐོག་ནས་དགོངས་པ་བཞེས་རོགས་གནང་ཞུ་རྒྱུ་དང་། དེ་རིང་གྲོས་ཚོགས་འདི་བརྒྱུད་ནས་ཞུ་རྒྱུ་ཡིན། དེ་ནས་སྤྱི་ཚོགས་དྲ་རྒྱ་དེ་ཚོའི་ནང་ལ་གནས་ཚུལ་འདྲ་མི་འདྲ་མང་པོ་ཞིག་བཏང་ཡོང་བྱས་པ་ཡིན་ན། སྤྱི་ཚོགས་ནང་ལ་གནས་ཚུལ་མང་བ་ཆགས་པ་དང་། མ་མཐུན་པ་མང་པོ་ཆགས་རྒྱུ་མ་གཏོགས་མཐུན་པའི་རྒྱན་ལ་འགྲོ་ཐུབ་རྒྱུ་ཡོད་པ་མ་རེད། དེས་ན་དྲ་རྒྱ་ནང་གནས་ཚུལ་གཏོང་གི་ཡོད་པ་ཡིན་ནའང་འདྲ། ག་རེ་བྱེད་ཀྱི་ཡོད་ནའང་། དེ་ཚོ་བརྗོད་བྱ་དང་གང་ཡིན་ནའང་གཟབ་གཟབ་བྱས་ནས། གཏོང་དགོས་རྒྱུ་དེ་གནད་འགག་ཅིག་མཐོང་གི་ཡོད། དེ་དགོངས་པ་ལ་འཇོག་རོགས་གནང་། ཞེས་དེ་ཞུ་བཞིན་ཡོད།

དེ་ནས་བཀའ་ཤག་གི་གྲོས་ཚོགས་ནང་ལ་ལན་འདེབས་གསལ་པོ་བྱས་ནས། གནད་དོན་གང་འདྲ་ཞིག་ཡིན་པ་ཡིན་ནའང་། ལན་འདེབས་གསལ་པོ་གནང་ཡོད་པ་རེད། དུས་རྒྱུན་དུ་ཞུ་སྡོད་ཀྱི་ཡོད། གྲོས་ཚོགས་འདི་ང་ཚོས་གོ་བསྡུར་བྱེད་ས། གསལ་བཤད་བྱེད་ས། མི་མང་ལ་གསལ་པོ་བཟོ་རྒྱུའི་བརྒྱུད་ལམ་ཟེར་དགོས་པ་རེད་དམ། སྡིངས་ཆ་མཐོ་ཤོས་དེ་ཆགས་བསྡད་ཡོད་པ་རེད། དེས་ན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ་ཚོས་གནད་དོན་གང་འདྲ་ཞིག་ཡིན་ནའང་། གསལ་པོ་བཟོས་པའི་རྒྱུ་མཚན་ལ་བརྟེན་ནས། བཀུར་འོས་སྤྱི་འཐུས་རྣམ་པ་ཚོ་རེད། དེ་བཞིན་མི་མང་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་རེད། བཀུར་འོས་སྤྱི་འཐུས་རྣམ་པ་ཚོའི་ངོས་ནས་དྲི་བ་གཏོང་རྒྱུ་ཡིན་ནའང་རེད། དགོངས་ཚུལ་གསུངས་པ་ཡིན་ནའང་རེད། དེ་དག་ཚད་དང་ལྡན་པ་ཞིག་གནང་གི་འདུག དེ་ཚོ་ལ་ཡང་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ང་རང་ཚོ་མང་གཙོའི་འགྲོ་ལུགས་ནང་ལ་གཞུང་འཛིན་ཚོགས་པ་དང་། ཕྱོགས་འགལ་ཚོགས་པ་ཡོད་པ་མ་རེད། གནད་དོན་གང་འདྲ་ཞིག་སླེབས་པ་ཡིན་ནའང་། བཀུར་འོས་སྤྱི་འཐུས་རེ་རེའི་སོ་སོའི་དགོངས་པ་གང་ཡོད་པ་བཞིན་གསུང་གི་ཡོད་པ་རེད། གསུང་རྒྱུའི་གོ་སྐབས་དེ་ཡང་ཡོད་པ་རེད། དེ་ཚོ་བཞེས་ནས་ལས་རིམ་ནང་ལ་ཚ་ཚ་འུར་འུར་གྱིས་མཉམ་ཞུགས་གནང་བ་དེར་ཐུགས་རྗེ་ཆེ།

ལྷག་པར་དུ་དེ་རིང་གྲོས་ཚོགས་འདིའི་ནང་ལ་རྒྱ་གར་དབུས་གཞུང་གིས་ཐུགས་ཁུར་ཆེ་བཞེས་གནང་ནས། ན་ནིང་ནས་བཟུང་ལོ་གཅིག་དང་ཕྱེད་ཀ་ལྷག་འགྲོ་ཡི་ཡོད་སྙམ། དེ་ལྟར་བྱས་ནས་རྒྱ་གར་དབུས་གཞུང་གི་འབྲེལ་ཡོད་ལས་བྱེད་པ་རེད། ལྷག་པར་ཟུང་འབྲེལ་དྲུང་ཆེ་དང་། ནང་སྲིད་དྲུང་ཆེར་ཁོང་རྣམ་པ་ཚོས་ཐུགས་ཁུར་བཞེས་ནས། སྔར་དང་མ་འདྲ་བའི་བོད་པའི་གནད་དོན་ཐོག་ལ་དོ་སྣང་ཞིག་གནང་སྟེ། སྲིད་ཇུས་ཟེར་ནའང་རེེད། ལམ་སྟོན་གྱི་ཡིག་ཆ་ཁ་གསལ་པོ་བྱས་ནས་གནང་བ་དེ། རྒྱ་གར་གཞུང་གིས་ང་ཚོ་བོད་མི་སྐྱབས་བཅོལ་བ་ཞིག་ཡིན་པའི་ཆ་ནས་གཟིགས་ཚུལ་ཙམ་མ་ཡིན་པར། དེ་ལས་གོ་བ་ལྷག་ཙམ་ལེན་ཐུབ་རྒྱུའི་གནས་བབ་དེ་འདྲ་ཡོད་པ་རེད་བསམ་གྱི་ཡོད། དེ་བཞིན་རྒྱ་གར་དབུས་གཞུང་གི་ཐད་ཀར་ཁོ་རང་ཚོའི་སྲིད་བྱུས་འོག་ལ་ཡོད་པ། ཐད་ཀར་ལག་བསྟར་བྱེད་ཐུབ་པ་ཁག་ཅིག་ཡོད་པ་རེད། དེ་མ་ཡིན་པའི་གནད་དོན་མང་པོ་ཞིག་སྲིད་བྱུས་དེའི་འོག་ནས་མངའ་སྡེ་སོ་སོས་གནང་དགོས་རྒྱུ་དེ་འདྲ་ཡོད་པ་རེད། ད་ལྟ་ང་ཚོས་འདིར་ཤེས་ཚོད་ལ་། Himachal མངའ་སྡེ་གཞུང་རེད། དེ་བཞིན་ Uttarkhand གཞུང་རེད། West Bengal གཞུང་དང་ Karnataka གཞུང་རེད། དེ་དང་དེ་མཚུངས་བོད་པ་ཡོད་སའི་ས་གནས་ཚང་མ་ལ་ལག་བསྟར་ཡོང་རྒྱུའི་རེ་བ་ཞུ་བཞིན་ཡོད། དེ་ཡོང་བ་ལ་གཙོ་བོ་བཀའ་ཤག་སྤྱི་ཡོངས་ཀྱི་འགན་རེད། དེའི་ནང་ནས་འབྲེལ་ཡོད་དཔལ་ལྡན་ནང་སྲིད་བཀའ་བློན་དང་ནང་སྲིད་ལས་ཁུངས་ཀྱི་ལས་བྱེད་ཚོས་མཇུག་སྣོན་བྱ་རྒྱུ་དེ་ཚོའི་ཐོག་ལ་དཀའ་ལས་ཧ་ཅང་གནང་སོང་། དེ་ངས་ད་ལྟ་འབུར་དུ་བཏོན་པ་དེ་རྒྱ་གར་གཞུང་བཀའ་དྲིན་ཆེན་པོ་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་བྱུང་བ་རེད། དངོས་གནས་བྱས་པ་ཡིན་ན་ཁ་སང་དགོངས་འཆར་དེ་འདྲ་བྱུང་སོང་། གྲོས་ཆོད་གྲོས་འཆར་ཞིག་འཇོག་ཐུབ་ན་ཞེས་འོན་ཀྱང་ལས་རིམ་དེ་མཇུག་སྐྱོང་དགོས་དུས། ང་ཚོས་རྗེས་སུ་བཞག་པ་ཡིན་ནའང་ཐུགས་ཁྱད་ཡོད་པ་མ་རེད་བསམ་གྱི་འདུག བཀུར་འོས་སྤྱི་འཐུས་འགའ་ཤས་ཤིག་གིས་ང་ཚོའི་གྲོས་ཚོགས་ཀྱི་ཚབ་བྱས་ནས་རྒྱ་གར་དབུས་དང་ས་གནས་གཞུང་ལ་ཐུགས་རྗེ་ཆེ་ཞེས་ཞུས་པ་རེད། དེ་རིང་མཇུག་བསྡོམས་སྐབས་དེར་གཙོ་སྐྱོང་བྱེད་མཁན་ཞིག་ཡིན་པའི་ཆ་ནས་འཛིན་སྐྱོང་བཀའ་ཤག་རེད། དེ་བཞིན་སྤྱི་འཐུས་རྣམ་པ་རེད། དེ་ནང་བཞིན་རྒྱ་ཆེ་ས་ནས་ང་རང་ཚོ་བོད་མི་ཚང་མའི་ཚབ་ཞུས་ནས། རྒྱ་གར་དབུས་གཞུང་དང་མངའ་སྡེའི་གཞུང་སོ་སོ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུའི་འདོད་པ་ཞིག་བྱུང་།

མཐའ་མ་དེར་ང་ཚོའི་ལས་དོན་ལེགས་གྲུབ་ཡོང་བ་ལ་ཡིག་ཆ་མང་པོ་ཞིག་གྲ་སྒྲིག་བྱེད་དགོས་ཀྱི་ཡོད་པ་རེད། དུས་ཚོད་མང་པོ་ཞིག་གཏོང་དགོས་ཀྱི་ཡོད་པ་རེད། དེ་རིང་བརྗོད་པ་གསུམ་པ་དེའི་སྐབས་དེར་གཅིག་ནོར་བ་མ་གཏོགས་ཡིག་ཆ་གཞན་ཆ་ཚང་བ་ཞིག་ཡག་པོ་བྱས་ནས་ཡོང་བསྡད་ཡོད་པ་རེད། དེར་བརྟེན་ཚོགས་གཙོ་ལ་མཐུན་འགྱུར་ཞུ་མཁན་གཙོ་བོ་སྐུ་ངོ་ཚོགས་གཞོན་རེད། དུས་ཚོད་ནམ་བྱུང་ལ་ཚོགས་གཙོས་དེར་གཙོ་སྐྱོང་བྱེད་ཀྱིན་བྱེད་ཀྱིན་ཚོགས་གཙོ་གཞོན་པའི་ཡིག་ཆ་ཁག་ལ་ཞིབ་འཇུག་གནང་གིན་གནང་གིན་འགྲོ་བཞིན་ཡོད་པ་རེད། དེ་ནས་འགན་འཁུར་མཁན་གཙོ་བོ་དེ་ཚོགས་དྲུང་ལས་ཁུངས་རེད། ཚོགས་དྲུང་ལས་ཁུངས་ནང་ནས་གཙོ་བོ་དྲུང་ཆེས་འགན་བཞེས་ཀྱི་ཡོད་པ་རེད། ལས་བྱེད་ཚོ་ཡིན་ནའང་ཕལ་ཆེར་མདང་དགོང་ཕྱག་ཚོད་དང་པོ་གཉིས་པ་བར་ལྷག་མེད་དམ་བསམ་གྱི་འདུག ང་རང་ཞུ་དག་བྱས་ནས་ཕྱག་ཚོད་བརྒྱད་པ་ཙམ་ལ་ཕྱིན་པ་ཡིན། དེའི་རྗེས་ལ་ཁོང་རྣམ་པ་ཚོས་ཡིག་ཆ་མང་པོ་དེ་དག་པར་བརྒྱབས་པ་དང་ཕྱོགས་བསྒྲིགས་བྱས་སྟེ་ཕྱག་ཚོད་དང་པོ་གཉིས་པ་བར་དུ་བཞུགས་དགོས་བྱུང་ཡོད་པ་རེད། དེ་ཡིན་དུས་ང་ཚོས་ལས་ཀ་དེ་ཚོ་ཚགས་ཚུད་ཡོང་བ་དེར་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཆེ་དང་། ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་རྣམ་པ་ཚོ་ཚང་མ་ལ་ཚོགས་གཙོ་སྦྲེལ་པོའི་ངོས་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

དེ་བཞིན་ང་ཚོའི་ལས་རིམ་གང་བྱས་ཡོད་པ་དེ་ཁང་པ་ནག་ཁུང་ཞིག་གི་ནང་དུ་བྱས་བསྡད་ཀྱི་ཡོད་པ་མ་ཡིན་པར་ཕྱི་གསལ་ནང་གསལ་བྱས་ནས་ཡོང་ཐུབ་པ་དེ་རྩ་བའི་དེང་སང་འཕྲུལ་ཆས་དང་བརྡ་འཕྲིན་མ་ལག་དེ་ཚོའི་གནས་བབ་ཡར་རྒྱས་ཕྱིན་པའི་རྒྱུ་མཚན་ལ་བརྟེན་ནས་ཡོང་བསྡད་ཀྱི་ཡོད་པ་རེད། ཡིན་ནའང་ང་རང་ཚོའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་བརྙན་པར་སྡེ་ཚན་གྱིས་ལོ་ལྟར་ང་རང་ཚོའི་ལས་རིམ་དེ་ཚོ་བསྟན་གྱི་ཡོད། ང་རང་ཚོ་ལ་ Satellite ཡོད་པ་མ་རེད་ཀྱང་རྡ་རམ་ས་ལར་སྦག་སུའི་ cable ནས་ཐད་གཏོང་བྱེད་ཐུབ་པ་དང་། འཛམ་གླིང་ཁྱོན་ཡོངས་ལ་ Tibet online བརྒྱུད་ནས་རེད། YouTube བརྒྱུད་ནས་ང་རང་ཚོས་གང་གནང་གི་ཡོད་པ་དེ་དག་ཚང་མ་གཟིགས་རྒྱུ་ཡོད་པ་དེ་ཕྱི་དྲིལ་ལས་ཁུངས་ཀྱི་འགན་འཁུར་འོག་བརྙན་པར་སྡེ་ཚན་གྱི་ལས་བྱེད་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དེ་ནས་ང་ཚོ་ཕར་ལོག་ཕེབས་རྒྱུ་རེད། ང་རང་ཚོ་ལས་ཡུན་ལོ་གཅིག་ལྷག་མ་གཏོགས་ལྷག་ཡོད་པ་མ་རེད། འོས་བསྡུའི་བྲེལ་བ་ཕྲན་བུ་ཡོང་མདོག་རེད། འོན་ཀྱང་འོས་བསྡུ་རེ་བྱས་ནས་སྤྱི་པའི་ལས་ཀ་ལ་ཕན་ཐོགས་དགོས་པ་དེ་མུ་མཐུད་ནས་བྱ་དགོས་ཀྱི་རེད། ཁྱབ་བསྒྲགས་བྱ་རྒྱུ་དེ་ཤུགས་ཆེ་ཆུང་གང་འདྲ་བྱེད་ཀྱི་ཡོད་མེད་དེ་སོ་སོ་ཁ་ཁ་རེད་མ་གཏོགས་སྤྱི་པའི་ལས་ཀ་དེ་མུ་མཐུད་ནས་བྱེད་དགོས་ཀྱི་ཡོད། འོས་བསྡུ་ལས་རིམ་བསླེབ་ཀྱི་ཡོད་པ་རེད། ང་སྤྱི་པའི་ལས་ཀ་བྱེད་དགོས་ཀྱི་ཡོད་མ་རེད་བྱས་ནས་བཞག་པ་ཡིན་ན་དེས་འཐུས་ཤོར་འགྲོ་གི་རེད་མ་གཏོགས་ཕན་ཐོགས་ཤིག་ཡོང་གི་མ་རེད། དེར་བརྟེན་རྣམ་པ་ཚོས་མུ་མཐུད་ནས་སྤྱི་པའི་ལས་དོན་ལ་ཧུར་བརྩོན་གནང་རོགས་ཞུ་རྒྱུ་དང་། ཟླ་བ་དྲུག་གི་རྗེས་སུ་དེ་རིང་བཀུར་འོས་སྤྱི་འཐུས་གཉིས་ཕེབས་ཐུབ་ཡོད་པ་མ་རེད། དེ་རྦད་དེ་སྐུ་གཟུགས་བདེ་པོ་མེད་པ་བྱས་ནས་ཕེབས་མ་ཐུབ་པ་རེད་མ་གཏོགས་གཞན་ཡང་བསྐྱར་ང་རང་ཚོ་ཚང་མ་སྐུ་གཟུགས་བདེ་ཐང་གི་ཐོག་ནས་འཛོམས་ཐུབ་རྒྱུའི་རེ་བ་ཞུ་བཞིན་ཡོད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།