བོད་ནས་གསར་དུ་ཕེབས་པ་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ཁག་ཅིག

ཉེ་ཆར་བོད་ནས་གསར་དུ་ཕེབས་པར་མིང་སྨྲ་འདོད་མེད་པ་ཞིག་གིས་འདི་ག་ཆབ་སྲིད་སྡེ་ཚན་དུ་གནས་ཚུལ་དང་པར་རིས་ཁག་ཅིག་མཁོ་སྤྲོད་བྱས་དོན།

  • ༡)  ཕྱི་ལོ་ ༢༠༠༨ ལོར་བོད་ས་སྟོད་སྨད་བར་གསུམ་དུ་ཞི་བའི་ངོ་རྒོལ་ལངས་པར་རྒྱ་གཞུང་གིས་དྲག་གནོད་ཚད་ལས་བརྒལ་བ་བྱས་པ་དང། དེར་རྒྱ་མི་རིགས་ཀྱིས་ཀྱང་གཞུང་གིས་བྱས་སྟངས་ལ་རྒྱབ་སྐྱོར་བྱས་ཏེ་བོད་པར་མཐོང་ཆུང་སྣ་ཚོགས་བྱས་པར་བརྟེན། ད་ཆ་བོད་རྒྱ་མི་རིགས་གཉིས་དབར་གྱི་འབྲེལ་ལམ་ཇེ་ཞན་ཇེ་སྡུག་ཏུ་སོང་སྟེ་ཕན་ཚུན་གདོང་ཐུག་ཁད་ལ་ཉེ་བའི་ཛ་དྲག་གནས་སྟངས་ཆགས་བཞིན་ཡོད་འདུག
  • ༢)  བོད་མི་ལས་བྱེད་ཚོར་རང་དབང་མེད་པར་རྒྱ་མིར་མི་བསྟེན་ཀ་མེད་ཡིན་ནའང། རྒྱ་མིར་བརྒྱ་ཆ་བརྒྱ་ཞེན་པ་ལོག་གི་ཡོད་པ་དང། ལས་བྱེད་རྒན་གྲས་དེ་ཚོའི་མཆོད་གཤོམ་དུ་མའོ་ཡི་པར་བཞག་ཡོད་ཀྱང། ཁོང་ཚོས་སེམས་ནང་དུ་༸གོང་ས་མཆོག་ཡོད་ཅེས་བརྗོད་ཀྱི་ཡོད་འདུག
  • ༣)  བོད་ཀྱི་ས་ཆ་མང་པོ་ཞིག་ཏུ་དེ་སྔོན་བརྙན་འཕྲིན་འཐེན་བྱེད་འཕྲུལ་ཆས་ཨ་རིའི་རླུང་འཕྲིན་སོགས་ཕྱིའི་གནས་ཚུལ་མང་པོ་བལྟ་ཐུབ་ཀྱི་ཡོད་ཀྱང། ༢༠༠༨ ལོ་ནས་བཟུང་རྒྱ་མིས་བརྙན་འཕྲིན་འཐེན་བྱེད་འཕྲུལ་ཆ་ཡོངས་རྫོགས་བརྗེ་པོ་བརྒྱབ་སྟེ། དེང་སང་རྒྱ་མིའི་བརྙན་འཕྲིན་བརྒྱུད་ལམ་ཁག་མ་གཏོགས་བལྟ་ཐུབ་ཀྱི་མེད་འདུག
  • ༤ ) སྔོན་ཆད་བོད་མི་ཚོས་ནང་དུ་ཡོད་པའི་གཏན་འཇགས་ཁ་པར་ཐག་རིང་དུ་གཏོང་ཐུབ་ཀྱང། དེང་སང་ཡོངས་རྫོགས་བརྗེ་པོ་བརྒྱབ་སྟེ་ཐག་ཐུང་ལས་གཏོང་ཐུབ་ཀྱི་ཡོད་མི་འདུག
  • ༥)  ༢༠༠༨ ལོ་ནས་བཟུང་བོད་མི་ཆབ་སྲིད་བཙོན་པ་རྣམས་ཕྱིར་ནང་དུ་གློད་གྲོལ་བཏང་དུས། བོད་མི་ཚོས་དཔའ་བོ་ཕེབས་བསུ་གནང་བ་ལྟར་མཇལ་དར་ཕྱག་རྟགས་དང་བཅས་ཕེབས་བསུ་ཟབ་རྒྱས་ཞུས་ཀྱི་ཡོད་སྟབས། དེང་སང་དེ་ལྟར་མི་ཆོག་པའི་བཙན་བཀའ་བཏང་བ་མ་ཟད། ས་གནས་སོ་སོའི་ཉེན་རྟོག་པས་གསང་བའི་ཐོག་ཁུ་སིམ་མེར་ནང་དུ་བསྐྱལ་དགོས་ཐུག་འདུག
  • ༦)  ༢༠༠༨ ལོའི་རྗེས་ཆབ་སྲིད་བཙོན་པ་མང་དག་ཅིག་སི་ཁྲོན་དི་གཡང་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ཏུ་བཀག་ཉར་བྱེད་བཞིན་ཡོད་པ་དང། བཙོན་པ་རྣམས་ཀྱིས་རང་ཉིད་བྱས་ཉེས་ངོས་ལེན་དང་འགྱོད་པ་སྐྱེས་ལུགས་ངོས་འཛིན་ཞུས་ན་འཕྲལ་དུ་གློད་གྲོལ་བཏང་གི་ཡིན་ཚུལ་རྒྱ་གཞུང་གིས་བརྗོད་ཀྱི་ཡོད་ཀྱང། ད་བར་བཙོན་པ་ནང་ཁུལ་རྡོག་རྩ་ཆིག་སྒྲིལ་བྱས་ཏེ་དེ་ལྟར་ཁས་ལེན་བྱེད་མཁན་གཅིག་ཀྱང་བྱུང་མི་འདུག
  • ༧)  དི་གཡང་བཙོན་ཁང་དུ་ཁྲིམས་ཆད་ལོ་རིང་ཤོས་ཁམས་ཉག་རོང་ནས་ཡིན་པའི་ཕོ་གཞོན་གསུམ་ཡོད་ཅིང། དེའི་ནང་དུ་གཅིག་ལ་ཚེ་བཙོན་དང། གཅིག་ལ་མི་ལོ་ ༡༦ །གཅིག་ལ་མི་ལོ་ ༡༥ བཅས་བཅད་འདུག་ཀྱང་མཚན་བརྗོད་ཐུབ་ཀྱི་མི་འདུག
  • ༨)  དི་གཡང་བཙོན་ཁང་དུ་གནས་སྤོས་བྱས་པའི་རྒྱ་མི་བཙོན་པ་ཞིག་གིས་དེང་སང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཁྲོམ་ཆིན་གྲོང་ཁྱེར་ཁྱབ་འོག་ཏ་ཙོག་རྫོང་དུ་བཀག་ཉར་བྱེད་བཞིན་ཡོད་པ་དང། བཙོན་ཁང་དུ་ཆ་རྐྱེན་གང་ལེགས་ཡོད་ཀྱང། སྤྲུལ་སྐུ་ཁོང་ནི་རྒྱའི་དཔོན་པོ་ཆེན་པོ་ཞིག་ཡིན་པ་དང། ཁྲིམས་འགལ་ནག་ཉེས་བསགས་པ་ཡིན་ལུགས་བཙོན་གྲོགས་ཚོར་འགྲེལ་ལོག་བརྒྱབ་བཞིན་ཡོད་འདུག
  • ༩)  ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་ཐོབ་ཟིན་ནའང་བདུན་རེར་ངེས་པར་དུ་སོ་སོའི་སྡོད་གནས་རྒྱ་གཞུང་གི་ལས་ཁུངས་སུ་ཐོ་འགོད་རེ་བྱེད་དགོས་པ་དང། ཕར་ཚུར་གང་དུ་བསྐྱོད་ནའང་བཀའ་འཁྲོལ་ངེས་པར་ཞུ་དགོས་སྟབས་དོན་དམ་བཟང་བཙོན་རང་རེད་འདུག
  • ༡༠)  ༢༠༠༨ ལོར་ཞི་རྒོལ་ཆེན་པོ་བྱུང་བའི་ས་ཁུལ་ཁག་ཏུ་བོད་མི་སུ་ཞིག་སོ་སོའི་སྡོད་གནས་ནས་ས་ཆ་གཞན་པར་བསྐྱོད་དགོས་ན། འབྲེལ་ཡོད་གཞུང་ལ་དགོངས་བསྐོར་དང་བཀའ་འཁྲོལ་རྒྱབ་གཉེར་ཞུས་དགོས་པ་རེད་འདུག
  • ༡༡)  བོད་ཀྱི་རྒྱལ་ས་ལྷ་སར་ལྷ་ས་བ་མ་ཡིན་པའི་བོད་མི་ཚང་མ་ཕྱིར་ཕུད་བྱེད་བཞིན་པ་དང། བོད་མི་སུ་ཞིག་ལྷ་སར་འགྲོ་དགོས་ན་འབྲེལ་ཡོད་སོ་སོའི་ངོས་སྦྱོར་སོགས་ཡིག་ཆ་ཁག་ལྔ་ཙམ་མིག་སྟོན་བྱས་དགོས་པ་དང། དེ་དག་ཚང་ཡོད་ནའང་ལུས་བཤེར་སོགས་བསུན་བཙེར་སྣ་མིན་བྱེད་བཞིན་ཡོད་འདུག
  • ༡༢)  ལྷ་སའི་བར་བསྐོར་དང་པོ་ཏཱ་ལ་མདུན་ཐང་སོགས་གང་དུ་བསྐྱོད་ནའང་ལུས་བཤེར་ས་ཚིགས་༼རྒྱ་ནག་གིས་དམངས་ཕན་ཉེན་རྟོག་ས་ཚིགས་འབོད་ཀྱི་ཡོད༽མང་པོ་བཙུགས་ཡོད་ཅིང། དམིགས་བསལ་བོད་མི་ཚོར་དམ་དྲག་བྱེད་ཀྱི་ཡོད་འདུག
  • ༡༣)  བསྐོར་ལམ་དུ་རྒྱ་མི་ཁ་ཆེའི་ཤ་ཁང་བརྒྱབ་ཡོད་པ་དང། རྩེ་ཕོ་བྲང་འོག་ཏུ་འགྲུལ་ལམ་གཏོད་དེ་ཕོ་བྲང་ལ་ཉེན་ཁ་འཕྲད་སྲིད་པ་བོད་མི་ཚོས་སེམས་ཁྲལ་གནང་གི་ཡོད་འདུག
  • ༡༤)  བོད་ཀྱི་གནས་རི་མང་པོར་གཏེར་ཁ་བསྔོག་འདོན་བྱེད་བཞིན་ཡོད་པ་དང། རི་ཀླུང་མང་པོར་ས་བརྐོ་རྡོ་ལས་ཀྱི་ལས་གཞི་སྤེལ་ཏེ་དམངས་ཁྲོད་དུ་མ་འོངས་པར་གཙང་ཆུ་འདྲེན་རྒྱུའི་ཆེད་དུ་རེད་ཅེས་བརྗོད་ཀྱི་ཡོད་འདུག
  • ༡༥)  འབྲེལ་ཡོད་བོད་ནས་ཕེབས་མཁན་དེས་ད་དུང་འབྲོག་པ་གཞིས་སྒར་དུ་སྤོས་བཅུག་པ་དང། རྒྱ་དམག་གིས་འབྲོག་པར་ཚོར་སྤྲད་པའི་གུར། ལྷ་ས་གྲོང་ཁྱེར་དུ་ཡུལ་བསྐོར་སྤྲོ་འཆམ་པར་རྫུས་པའི་རྒྱ་དམག ལྷ་ས་དང་གཞིས་རྩེ་བར་གྱི་ལྕགས་ལམ་ལས་གཞི་སྤེལ་འགོ་བཙུགས་པ། བོད་དུ་དམ་དྲག་ཡོད་མེད་ལ་མ་ལྟོས་པར་བོད་མི་ཚོས་༸གོང་ས་མཆོག་གི་བཀའ་སློབ་ཉན་པ་དང། བཀའ་ཁྲིའི་དམ་འབུལ་མཛད་སྒོའི་བརྙན་སྡེར་བལྟ་བཞིན་པ་སོགས་ཀྱི་པར་གང་མང་ཞིག་འདི་ག་ཆབ་སྲིད་སྡེ་ཚན་ལ་གནང་སྐྱོང་བྱུང་ཡོད་ན། ཁག་ཅིག་འདེམས་སྒྲུག་གིས་འདིར་བཀོད་ཡོད།

བོད་མི་མང་སྤྱི་འཐུས་རྒྱུས་ལས་ཆབ་སྲིད་སྡེ་ཚན་ནས་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༡ ལ།།

བོད་ནང་ཀྱི་གནས་སྟངས།བོད་ནང་ཀྱི་གནས་སྟངས།
བོད་ནང་ཀྱི་གནས་སྟངས།བོད་ནང་ཀྱི་གནས་སྟངས།
བོད་ནང་ཀྱི་གནས་སྟངས།བོད་ནང་ཀྱི་གནས་སྟངས།
བོད་ནང་ཀྱི་གནས་སྟངས།བོད་ནང་ཀྱི་གནས་སྟངས།
བོད་ནང་ཀྱི་གནས་སྟངས།བོད་ནང་ཀྱི་གནས་སྟངས།
བོད་ནང་ཀྱི་གནས་སྟངས།བོད་ནང་ཀྱི་གནས་སྟངས།
བོད་ནང་ཀྱི་གནས་སྟངས།བོད་ནང་ཀྱི་གནས་སྟངས།
བོད་ནང་ཀྱི་གནས་སྟངས།བོད་ནང་ཀྱི་གནས་སྟངས།
བོད་ནང་ཀྱི་གནས་སྟངས།བོད་ནང་ཀྱི་གནས་སྟངས།
བོད་ནང་ཀྱི་གནས་སྟངས།བོད་ནང་ཀྱི་གནས་སྟངས།
བོད་ནང་གི་གནས་སྟངས།བོད་ནང་གི་གནས་སྟངས།