བོད་ནང་གི་བོད་མི་རྣམས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་བཞིན་པའི་ཛ་དྲག་གནས་བབ་ལ་རྒྱ་གར་གཞུང་མང་གཉིས་ནས་རྒྱབ་སྐྱོར་དཔུང་རོགས་ཡོང་བའི་ཞུ་སྐུལ།

 

༄༅། །ཡོངས་གྲགས་སུ་ཕྱི་ལོའི་གོང་གི་བརྒྱ་ཕྲག་གཉིས་པའི་ནང་བོད་ཀྱི་རྒྱལ་ཁབ་དབུ་བརྙེས་པ་ནས་བཟུང། ཕྱི་ལོ་བརྒྱ་ཕྲག་དགུ་པའི་བར་ལོ་གྲངས་ཆིག་སྟོང་བརྒལ་བའི་རིང་བོད་རྒྱལ་གདུང་རབས་ཞེ་གསུམ་གྱིས་རིམ་པས་ཆོལ་གསུམ་བོད་ལྗོངས་ཡོངས་ལ་མངའ་དབང་བསྒྱུར་ཏེ། དཔུང་སྟོབས་དང་མངའ་ཐང་ཤར་གླིང་དབུས་མའི་ནང་ཆེ་གྲས་སུ་གྱུར་པ་མ་ཟད། བོད་ཀྱི་སྐད་ཡིག་དང་བརྡ་སྤྲོད་རང་བཙན་འབུར་དོད་བྱུང་བ་ལས་ཆོས་དང། རིག་གནས། སྤྱི་ཚོགས་ཀྱི་དཔལ་ཡོན་སོགས་ཡར་རྒྱས་གོང་འཕེལ་འགྲན་ཟླ་བྲལ་བར་གྱུར་ཡོད།

ཕྱི་ལོ་བརྒྱ་ཕྲག་དགུ་པའི་ནང་བོད་སིལ་བུར་འཐོར་བ་ནས་དཔུང་སྟོབས་ཀྱི་ནུས་པ་ཉམས་དམས་སུ་གྱུར་ཏེ་ལུང་ཚན་སོ་སོའི་སྒེར་བཙན་ཙམ་ལས་བོད་སྤྱི་ལ་དབང་བའི་ཆབ་སྲིད་ཚགས་ཚུད་བྱུང་མེད་རུང། ཕྱིའི་རྒྱལ་ཁབ་ཁག་སུས་ཀྱང་བོད་ནང་བཙན་འཛུལ་དབང་བསྒྱུར་བྱས་པའི་ལོ་རྒྱུས་བྱུང་མྱོང་མེད།

ཕྱི་ལོ་ ༡༢༦༠ ལོར་འགྲོ་མགོན་ཆོས་རྒྱལ་འཕགས་པས་ཆོལ་གསུམ་ཡོངས་ལ་ཁྱབ་པའི་སྲིད་དབང་སླར་གསོ་མཛད་པ་ནས་བཟུང། མི་ལོ་ ༣༨༠ སྐོར་གྱི་ནང་རིམ་བཞིན་ཕག་གྲུ་དང། རིན་སྤུངས། གཙང་པ་བཅས་ཀྱིས་བོད་ཀྱི་སྲིད་དབང་བཟུང་ཡོད།

ཕྱི་ལོ་ ༡༦༤༢ ལོར་༸གོང་ས་ལྔ་པ་ཆེན་པོས་བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་པ་ནས་བཟུང། རྒྱ་དམར་གྱིས་བོད་ལ་བཙན་འཛུལ་མ་བྱས་བར་ལོ་གྲངས་ ༣༠༠ ལྷག་རིང་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་བོད་ཀྱི་ཆབ་སྲིད་མངའ་དབང་སྲ་བརྟན་འཛིན་སྐྱོང་བྱས་ཏེ། བོད་ཀྱི་རང་བྱུང་ཁོར་ཡུག་དང་སྣོད་བཅུད་ལ་སོགས་པར་བདག་གཅེས་ཀྱིས་གཏོར་སྐྱོན་གང་ཡང་ཐེབས་མེད་པར། ཨེ་ཤ་ཡའི་སྟོབས་ཆེན་རྒྱལ་ཁབ་རྒྱ་གར་དང་རྒྱ་ནག་བར་ཞི་བའི་བསྟི་གནས་ལྟ་བུར་རང་ཚུགས་སུ་གནས་ཐུབ་ཡོད།

ཕྱི་ལོ་ ༡༩༤༩ ལོར་རྒྱ་དམར་གྱི་སྲིད་དབང་རྒྱ་ནག་སྐམ་ས་ཆེན་པོར་བཙུགས་རྗེས་རྒྱ་བསྐྱེད་རིང་ལུགས་ཀྱི་སྲིད་བྱུས་ཟིན་ཏེ། རིམ་བཞིན་བོད་ཀྱི་མདོ་སྟོད་སྨད་ས་ཆ་ནས་དྲག་པོའི་བཙན་འཛུལ་བྱེད་འགོ་བཙུགས་ཤིང། ཕྱི་ལོ་ ༡༩༥༠ ལོར་ཆབ་མདོའི་བོད་རྒྱ་དམག་འཁྲུག་ཁྲོད་དུ་བོད་དམག་ལ་ཕམ་ཉེས་ཆེན་པོ་བྱུང་བར་བརྟེན། རྒྱ་ནག་དམར་ཤོག་རྒྱལ་ཁབ་ཀྱི་བཙན་འོག་ཏུ་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་འཇོག་དགོས་བྱུང་སྟེ། ལོ་བརྒྱད་ཙམ་རིང་བོད་གཞུང་ནས་རྒྱ་ནག་མཉམ་གནས་ཐབས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བྱས་ཀྱང། རྒྱ་ནག་དམར་པོའི་གཞུང་ནས་བོད་དུ་མདོ་དབུས་གཞུང་ལམ་དང། ཁྲོན་དབུས་གཞུང་ལམ་ཞེས་པ་ཤར་བསྐྱོད་ཐུབ་པ་བྱུང་བ་དང། བོད་ཀྱི་གནད་འགག་ས་ཁུལ་ཡོངས་ལ་དྲག་པོའི་དཔུང་དམག་བཀོད་སྒྲིག་ཟིན་པ་སོགས་ལ་ངོམས་རྫིག་གིས་རིམ་བཞིན་གྲོས་མཐུན་གྱི་དོན་ཚན་ཁག་ལ་རྩིས་མེད་དང། བོད་ཀྱི་སྔ་ཡོད་སྤྱི་ཚོགས་ལམ་ལུགས་ལ་བཙན་དབང་གིས་བསྒྱུར་བཅོས་གཏོང་འགོ་བཙུགས་པའི་དབང་གིས། ཕྱི་ལོ་ ༡༩༥༦ ཙམ་ནས་བོད་ཁུལ་མདོ་སྟོད་སྨད་ས་ཆ་ནས་སྒེར་ལངས་བྱས་འགོ་བཙུགས་པ་དང།  མཐར་ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ཡོངས་དྲག་རྒོལ་སྒེར་ལངས་བྱུང་རྗེས། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུ་འཁྲིད་པའི་ཁྲིམས་མཐུན་བོད་གཞུང་འདི་བཞིན་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་བ་དང། དེ་རྗེས་རྒྱ་གཞུང་གིས་དམག་མི་ཕོན་ཆེ་རྒྱ་གར་གྱི་མཐའ་མཚམས་ཁག་ཏུ་འགྲེམས་འཇོག་གིས་རྒྱ་གར་གྱི་བདེ་སྲུང་ལའང་ཉེན་ཁ་ཆེན་པོ་བཟོས་དང་བཟོ་བཞིན་པའི་གནས་ཚུལ་ཆགས་ཡོད།

བོད་དུ་རྒྱ་དམར་གཞུང་གིས་བོད་མིར་དྲག་གནོན་ཚད་ལས་འདས་པ་བྱས་ཏེ། བོད་ས་ཁྱོན་ཡོངས་སུ་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་དུས་མིན་རྐྱེན་འདས་སུ་བཏང་བའི་ཡ་ངའི་ལོ་རྒྱུས་བརྗོད་པ་དཀའ་བ་བྱུང་ཞིང། རང་དབང་གཅིག་གྱུར་གྱི་བོད་རྒྱལ་ཁབ་འདི་བཞིན་དུམ་བུར་བཅད་གཏུབ་ཀྱིས་འདབས་འབྲེལ་རྒྱ་ནག་གི་ཞིང་ཆེན་ཁག་ཏུ་བཙན་བགོས་བྱས་ཏེ། བོད་རང་སྐྱོང་ལྗོངས་ཞེས་པ་དང། མཚོ་སྔོན་ཞིང་ཆེན། ༼རང་སྐྱོང་ཁུལ་ཁག་དྲུག༽ དེ་བཞིན་སི་ཁྲོན་ཞིང་ཆེན་དུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། ༼རྫོང་ཁག་བཅོ་བརྒྱད།༽ རྔ་བ་བོད་རིགས་རང་སྐྱོང་ཁུལ། ༼རྫོང་ཁག་བཅུ་གསུམ།༽ མུ་ལི་བོད་རིགས་རང་སྐྱོང་རྫོང་བཅས་དང། རྒྱ་ནག་ཀན་སུའུ་ཞིང་ཆེན་དུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། ༼རྫོང་ཁག་བདུན།༽ དཔལ་རིས་བོད་རིགས་རང་སྐྱོང་རྫོང། རྒྱ་ནག་ཡུན་ནན་ཞིང་ཆེན་དུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ། ༼རྫོང་ཁག་གསུམ།༽ བཅས་རྒྱ་ནག་གི་འཛིན་སྐྱོང་ས་ཁུལ་ཁག་ཏུ་ཁ་གཏོར་བཙན་བགོས་བྱས་ཡོད།

རྒྱ་དམར་གཞུང་གིས་བོད་ལ་བཙན་འཛུལ་དབང་བསྒྱུར་བྱས་ཏེ་མི་ལོ་ ༦༠ ལྷག་རིང། བོད་རྒྱལ་ཁབ་དང་མི་རིགས། དེའི་ངོ་བོ་མཚོན་བྱེད་ཀྱི་ཆོས་དང་རིག་གཞུང། སྐད་ཡིག། ཡུལ་གོམས་གཤིས་ལུགས་དང་བཅས་པ་རྨེག་མེད་རྩ་གཏོར་དུ་གཏོང་ཆེད། དམངས་གཙོ་བཅོས་བསྒྱུར་ཞེས་པ་དང། ཟིང་འཁྲུག་ཞོད་འཇགས། རིག་གནས་གསར་བརྗེ་ཆེན་པོ། མི་རིགས་ས་གནས་རིང་ལུགས་ལ་ངོ་རྒོལ། ཏཱ་ལའི་ཁ་བྲལ་རིང་ལུགས་ལ་རྒོལ་རྡུང། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ། བརྟན་ལྷིང་སྲུང་སྐྱོབ་དང་ཁ་བྲལ་ལ་ངོ་རྒོལ་སོགས་ཆབ་སྲིད་ཀྱི་ལས་འགུལ་སྣ་རིགས་སྤེལ་ཏེ། མདོར་དོན་དམག་དོན་བཙན་རྒྱལ་རིང་ལུགས་དང། རིག་གཞུང་བཙན་རྒྱལ་རིང་ལུགས། མི་སེར་སྤེལ་ཡུལ་རིང་ལུགས་བཅས་ཀྱི་ངོ་བོའི་ཐོག་ནས་བོད་མི་རིགས་ལ་ཁྱད་གསོད་དང། མཐོང་ཆུང། དམའ་འབེབས། དབྱེ་འབྱེད་ཀྱི་སྲིད་བྱུས་རབས་དང་རིམ་པ་སྤེལ་ཡོད།

རྒྱ་གཞུང་གིས་སྤེལ་བའི་གདུག་རྩུབ་ཅན་གྱི་སྲིད་བྱུས་དེར། བོད་ནང་གི་བོད་མི་ཚོས་ཞི་རྒོལ་རྒྱུན་ཆད་མེད་པ་སྤེལ་ཡོད་ཅིང། ལྷག་པར་ཕྱི་ལོ་ ༢༠༠༨ ལོར་བོད་ལྗོངས་སྟོད་སྨད་བར་གསུམ་ཁྱོན་ཡོངས་སུ་ཞི་བའི་སྒེར་ལངས་བྱུང་རྗེས། རྒྱ་དམར་གཞུང་གིས་བོད་ཐོག་དོན་དམ་དམག་དོན་བཀག་རྒྱ་ལྟ་བུའི་སྲིད་བྱུས་ལག་བསྟར་བྱས་ཏེ། དྲག་རྡུང་བཙོན་འཇུག་ཚད་ལས་འདས་པ་བྱེད་བཞིན་ཡོད་ཀྱང། བོད་མི་རྣམས་ཀྱིས་དཔའ་མཛངས་རྟུལ་ཕོད་ཞུམ་པ་མེད་པའི་ངང་སྔ་རྗེས་སུ་རྒྱ་གཞུང་གི་རྒྱལ་སྟོན་སོགས་དགའ་སྤྲོའི་འཁྲབ་སྟོན་རིགས་ལ་མཉམ་ཞུགས་མི་བྱེད་པ་དང། ས་ཞིང་རྨོས་ལས་མི་བྱེད་པ། ལོ་གསར་དགའ་སྟོན་ལ་མི་རོལ་བ། བོད་ཀྱི་སྐད་ཡིག་བཀོལ་སྤྱོད་དགོས་པའི་ཞི་རྒོལ་བྱས་པ། ལྷག་དཀར་སྲུང་བརྩི་སོགས་ཞི་བའི་ལས་འགུལ་སྣ་མང་སྤེལ་ཡོད། འོན་ཀྱང་བོད་ནང་གི་བོད་མིའི་མངོན་འདོད་ལ་རྒྱ་གཞུང་གིས་ཡ་ལན་བདག་སྤྲོད་སྤུ་ཙམ་མེད་པ་མ་ཟད། དེ་ལས་ལྡོག་སྟེ་ལས་འགུལ་དེ་རིགས་ཏཱ་ལའི་ཁ་བྲལ་རིང་ལུགས་པས་བརྒྱུད་བསྐུལ་གྱིས་མེས་རྒྱལ་ཁ་བྲལ་གཏོང་བའི་ལས་འགུལ་ཡིན་ལུགས་ལ་བསྙད་བཏགས་ཏེ་རྡུང་རྡེག་བཙོན་འཇུག་ཚད་ལས་འདས་པ་བྱས་པར་བརྟེན། བོད་མི་རྣམས་དེ་བས་ངར་ཤུགས་ཆེ་རུ་ལངས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས། བོད་ལ་རང་བཙན་དགོས། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ་དགོས་སོགས་འབོད་སྒྲ་གཙོ་བོར་བསྒྲགས་ཏེ་གཅིག་མཇུག་གཉིས་མཐུད་ངང་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་ལས་འགུལ་སྤེལ་འགོ་བརྩམས་ཡོད།

དེ་འདྲའི་ལས་འགུལ་ཕྱི་ལོ་ ༢༠༠༩ ནས་འགོ་བཙུགས་ཏེ། ད་ལྟའི་བར་བོད་ནང་གི་བོད་མི་ ༩༥ ཡིས་རང་ལུས་མེར་བསྲེགས་བཏང་ཡོད་པའི་ནང་ནས་ ༨༠ འདས་གྲོངས་སུ་གྱུར་ཡོད་ཅིང། གཞན་མང་ཆེ་བ་རྒྱ་གཞུང་གི་ལག་འོག་ཏུ་ཚུད་དེ་ད་ལྟ་འདས་གསོན་ཇི་ཡིན་ཤེས་རྟོགས་དཀའ་བའི་གནས་སུ་ལྷུང་ཡོད།  དེའི་ནང་ནས་སྐྱ་སེར་ཕོ་མོ་ལ་དབྱེ་ན། དགེ་འདུན་པ་གྲངས་ ༢༦ དང། བཙུན་མ་གྲངས་ ༤ ། མི་སྐྱ་ཕོ་གྲངས་ ༦༤ ། མི་སྐྱ་མོ་གྲངས་ ༩ །   ལོ་ན་ཆེ་ཤོས་ ༦༤ དང་ཆུང་ཤོས་ ༡༥ ། སྐྱ་བོ་ཕོ་མོ་མང་པོར་ཤུལ་ལུས་ཕྲུ་གུ་ལོ་ན་གཉིས་གསུམ་ཅན་བཅས་གང་རུང་ལྷག་པའི་ཛ་དྲག་གནས་སྟངས་ཆགས་བཞིན་ཡོད་ལ། ད་ལྟའི་ཆར་བོད་ནང་གི་བོད་མི་རྣམས་རང་ལུངས་མེར་བསྲེགས་གཏོང་མཁན་གྱི་ནང་མི་དང་ཤུལ་ལུས་ཕྲུ་གུར་ལྟ་རུ་འགྲོ་བའམ། མཆོད་འབུལ་སྨོན་ལམ། སྐུ་ཕུང་ཞུགས་འབུལ་ཙམ་བྱས་ནའང་ཁྲིམས་འགལ་དུ་བརྩིས་ཏེ་འཛིན་བཟུང་བཙོན་འཇུག་བྱེད་བཞིན་པ་བཅས་ལ་བརྟེན། ད་ཐེངས་རྒྱ་གར་གཞུང་མང་གཉིས་ལ་ཆེད་དུ་ཞུ་རྒྱུར།

  • ༡༽        ད་ལྟའི་རྒྱ་གཞུང་གིས་རྒྱལ་སྲུང་གི་འགྲོ་གྲོན་ལས་རྒྱལ་ནང་བརྟན་ལྷིང་སྲུང་སྐྱོབ་ཀྱི་འགྲོ་གྲོན་ཆེ་བ་བཏང་དགོས་པའི་རྒྱུ་མཚན་གཙོ་བོ་གཅིག་ནི། བོད་སོགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་མཐའ་གཅིག་ཏུ་བྱེད་བཞིན་པ་དེས་ཡིན་ཞིང། གལ་སྲིད་བོད་ནང་གི་བོད་མི་ཚོ་ཡར་ལངས་ངོ་རྒོལ་མ་ཐུབ་པར་མཐའ་གཅིག་ཏུ་རྒྱ་གཞུང་འོག་མགོ་སྒུར་དགོས་པའི་གནས་སྟངས་ཤིག་ཆགས་གྱུར་ན། རྒྱ་དཀར་ནག་གཉིས་བར་གྱི་རྩིག་གྱང་མཐོན་པོ་དེ་བཞིན་རྨང་ནས་འཐོར་ངེས་ཡིན་པས། རྒྱ་གཞུང་གི་དམག་དང་དཔལ་འབྱོར་སོགས་ཀྱི་ནུས་སྟོབས་ཡོད་ཚད་རྒྱ་གར་མཐའ་མཚམས་ཁག་ཏུ་ཐེ་ཚོམ་མེད་པར་འཇིགས་བསྐུལ་ཤུགས་ཆེ་སློང་ངེས་ཡིན་སྟབས། གནས་སྟངས་གསལ་པོ་མཁྱེན་པའི་ཐོག་ནས་རྒྱ་གར་གྱི་ཡུལ་མི་ཚོས་བོད་མིའི་འཐབ་རྩོད་ལ་སྔར་བས་རྒྱབ་སྐྱོར་དཔུང་རོགས་ཡོང་བའི་རེ་སྐུལ་ཞུ་རྒྱུ།
  • ༢༽        རང་དབང་དང་མང་གཙོར་དགའ་བའི་རྒྱལ་ཁབ་མང་པོའི་གཞུང་དང་ཆབ་སྲིད་མི་སྣས་བོད་དོན་་གླེང་སློང་དང་རྒྱ་ནག་ལ་སྐྱོན་བརྗོད།  ལྷག་པར་གྲོས་ཚོགས་ཁག་ནང་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་རིམ་པ་འཇོག་བཞིན་ཡོད་པ་ལྟར། རྒྱ་གར་དབུས་དང་མངའ་སྡེ་ཁག་གི་ནང་དུའང་དེ་ལྟར་གནང་ཐུབ་པའི་རེ་སྐུལ་ཞུ་རྒྱུ་དང་བཅས།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས།  ཕྱི་ལོ་ ༢༠༡༢ ཟླ ༡༢ ཚེས་ ༡༥ ལ།། །།