བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཡ་ཤི་ཝན་ཊི་སིནཱ་མཆོག་ Yashwant Sinha བཞུགས་སྒར་རྡ་སར་ཕེབས་པ།

བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཡ་ཤི་ཝན་ཊི་སིནཱ་མཆོག་ Yashwant Sinha བཞུགས་སྒར་རྡ་སར་ཕེབས་པ།བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཡ་ཤི་ཝན་ཊི་སིནཱ་མཆོག་ Yashwant Sinha བཞུགས་སྒར་རྡ་སར་ཕེབས་པ།

ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༥ ཉིན་རྒྱ་གར་གྱི་ཕྱི་སྲིད་དང་དཔལ་འབྱོར་བློན་ཆེན་ཟུར་པ། ད་ལྟའི་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་དང་། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཡ་ཤི་ཝན་ཊི་སིནཱ་མཆོག་ Yashwant Sinha གྷ་གལ་གནམ་ཐང་དུ་འབྱོར་སྐབས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གནམ་ཐང་དུ་ཕེབས་བསུར་བཅར་ཏེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་སུ་ཕེབས་རྗེས་བཀའ་ཤག་ཡང་སྟེང་ཚོགས་ཁང་དུ་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༤ པ་འཚོགས་བཞིན་པར་གཟིགས་ཞིབ་སླད་ཟུར་ཉན་དུ་འཁྱུག་ཙམ་ཕེབས་པར་གྲོས་ཚོགས་ཀྱི་ཚོགས་མི་ཡོངས་རྫོགས་སྐུ་བཞེངས་ཀྱིས་དགའ་བསུ་ཆེན་པོ་ཞུས་ཤིང། དགོང་དྲོའི་ཆུ་ཚོད་ ༥།༣༠ ཐོག་སྤྱི་ལྷན་ཚོགས་གཙོ་མཆོག་དང་བཀའ་བློན་ཁྲི་པ་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ་དང་། སྤྱི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་གཞོན་ལས་རོགས་ཡན་གྱི་ལས་བྱེད་བཅས་པར་ཁོང་གིས་བོད་དོན་རྒྱལ་སྤྱི་རང་བཞིན་གྱི་གནད་དོན་ཞིག་ཏུ་བསྒྱུར་བར་ཤུགས་སྣོན་རྒྱག་དགོས་པ་དང་། ཁོང་དང་ཁོང་གི་གྲོགས་པོ་གྲོས་ཚོགས་འཐུས་མི་རྣམས་ཀྱིས་དུས་ནམ་ཡང་བོད་མིའི་འཐབ་རྩོད་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་སྐོར་སོགས་བོད་དོན་དང་འབྲེལ་བའི་གསུང་བཤད་ཐུང་ཙམ་ཞིག་གནང་ཡོད་པ་རེད།
དེ་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྡ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་དགོང་དྲོའི་གསོལ་ཚིགས་ཤིག་གོ་སྒྲིག་ཞུས་ཡོད་པ་ལྟར་བཀའ་བློན་ཁྲི་པས་དབུས་པའི་བཀའ་བློན་རྣམ་པ་དང། ཚོགས་གཙོ་སྦྲེལ་པོས་དབུས་སྤྱི་འཐུས་རྒྱུན་ལས་རྣམ་པའི་ལྷན་དུ་རོལ་བཞིན་བཀའ་མོལ་ལྷུག་པོ་གནང་ཡོད་པ་རེད། ཕྱི་ཚེས་ ༡༦ ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དང་། བོད་ཀྱི་འགྲེམ་སྟོན་ཁང་སོགས་སུ་གཟིགས་སྐོར་གནང་བ་མ་ཟད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང། དེ་བཞིན་རྡ་རམ་ས་ལར་ཡོད་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་འཕྲད་ཀྱིས་བོད་དོན་སྐོར་ལ་གོ་བསྡུར་གནང་ཡོད་ལ། ཕྱི་ཚེས་ ༡༧ ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྡུ་བསྐོང་གནང་བར་སྤྱི་ལྷན་ཚོགས་གཞོན་མཆོག་དང་། ཕྱི་དྲིལ་བཀའ་བློན་བཅས་མཉམ་ཞུགས་གནང་ཡོད་པར་གསར་འགོད་པ་སོགས་འདུ་འཛོམས་ཧ་ཅང་ཆེན་པོ་བྱུང་ཡོད་པ་བཅས་ཀྱི་ལས་དོན་གྲུབ་སྟེ་གྷ་གལ་གནམ་ཐང་བརྒྱུད་ལྡི་ལིར་ཕྱིར་ཕེབས་གནང་ཡོད་པ་རེད།།