བོད་དོན་ཞུ་གཏུགས་ལས་འགུལ་དང་འབྲེལ་བའི་ཉིན་གྲངས་གསུམ་རིང་གི་ཚོགས་འདུ་མཇུག་བསྒྲིལ་བ།

༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༢༩ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་གཏུགས་ལས་འགུལ་དང་འབྲེལ་བའི་ཉིན་གྲངས་གསུམ་རིང་གི་ཚོགས་འདུ་མཇུག་བསྒྲིལ་གནང་ཡོད།

དེ་ཡང་ཉིན་གསུམ་རིང་གི་ཚོགས་འདུའི་ཐོག་བོད་ཀྱི་ལོ་རྒྱུས་ཐོག་ཉམས་ཞིབ་པ་སློབ་དཔོན་མེ་ཀལ་ཝན་ཝལ་ཊ་པཱ་རག་ (Prof. Michael Van Walt Praag) ལགས་དང་། ལྕམ་སྐུ་མ་ཡེག་ བྷོལ་ཊཡེ་སི་ (Miek Bolties) ལགས་རྣམ་གཉིས་དང་། བོད་མི་མང་སྤྱི་འཐུས་རྣམ་པའི་དབར་ “བོད་ཀྱི་རྒྱལ་སྤྱིའི་ཁྲིམས་མཐུན་གནས་བབ་ཀྱི་ནུས་པ་བེད་སྤྱད་ནས་བོད་དོན་ཞུ་གཏུགས་གོང་མཐོར་གཏོང་ཐབས། ལོ་རྒྱུས་ཀྱི་གལ་གནད། བོད་ཀྱི་ལོ་རྒྱུས་ནས་ཤེས་དགོས་པའི་གལ་ཆེའི་གནད་དོན་ཁག” དེ་བཞིན་ “རྒྱལ་སྤྱིའི་ནང་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་སྐབས་བོད་ཀྱི་གནད་དོན་དང་འབྲེལ་བའི་ཐ་སྙད་ཚད་ལྡན་བེད་སྤྱོད་གཏོང་ཕྱོགས་དང་། དེའི་གལ་གནད་སྐོར།” “རྒྱལ་སྤྱིའི་ནང་བོད་ཀྱི་གནད་དོན་དང་འབྲེལ་བའི་ཐོག་གོ་ནོར་གསུམ་དང་། བོད་དོན་ཞུ་གཏུགས་སྐབས་དེ་དག་ལ་གདོང་ལེན་གནང་ཕྱོགས།” “གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དང་། བོད་ཀྱི་ལོ་རྒྱུས། རྒྱལ་སྤྱིའི་ཁྲིམས་ཀྱི་གནས་བབ་བཅས་ཀྱི་འབྲེལ་བའི་སྐོར།” “བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱལ་སྤྱིའི་ནང་ཞུ་གཏུགས་ཀྱི་ལས་འགུལ་དང་འབྲེལ་བའི་དམིགས་ཡུལ་སྒྲུབ་ཆེད་རང་ཐག་རང་གཅོད་ཀྱི་ཐོབ་ཐང་གི་སྐབས་དོན་འབྲེལ་བ་དང་། དེའི་ཐོག་གོ་ནོར་ཐེབས་པའི་གནད་དོན་ཁག་ལ་གླེང་སློང་།” ཞེས་པའི་བརྗོད་གཞི་ཁག་གི་ཐོག་བགྲོ་གླེང་། དགོངས་ཚུལ་བརྗེ་ལེན། དྲི་བ་དྲིས་ལན་སོགས་གནང་བ་དང་། སྤྱི་འཐུས་རྣམ་པ་སྡེ་ཚན་ཆ་བགོས་ཀྱིས་ཞུ་གཏུགས་གནང་ཕྱོགས་ཀྱི་སྦྱོང་བརྡར་བཅས་གནང་སོང་།

མཐར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ཚོགས་འདུ་འདི་ཚོགས་དགོས་པའི་རྒྱབ་ལྗོངས་ཁག་འགྲེལ་བརྗོད་ཞིབ་ཕྲ་དང་། དེ་བཞིན་གསུང་བཤད་གནང་མཁན་སློབ་དཔོན་མེ་ཀལ་ཝན་ཝལ་ཊ་པཱ་རག་ལགས་ནི་བོད་དོན་ཐོག་རྒྱུས་མངའ་ཆེན་པོ་ཡོད་མཁན་ཞིག་དང་། ལྕམ་སྐུ་མ་ཡེག་ བྷོལ་ཊཡེ་སི་ལགས་ཡིན་ནའང་རྩོད་རྙོག་འདུམ་སྒྲིག་ཐོག་ཁྱད་མཁས་མི་སྣ་ཞིག་ཡིན་པ་མ་ཟད། བོད་དོན་ཐོག་རྒྱུས་མངའ་ཆེན་པོ་ཡོད་མཁན་ཞིག་ཡིན་པའི་སྐོར། ཉིན་གསུམ་རིང་གི་ཚོགས་འདུ་ཚོགས་པའི་སྐབས་བོད་མི་མང་སྤྱི་འཐུས་རྣམ་པས་ཆ་ཤས་གང་ལེགས་བཞེས་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཚོགས་འདུ་འདིས་བོད་དོན་ཞུ་གཏུགས་གནང་ཕྱོགས་ཐོག་ཕན་རླབས་ཆེན་པོ་བྱུང་བ།

གཞན་ཡང་ཚོགས་འདུ་འདིར་མཐུན་འགྱུར་གནང་མཁན་རྒྱལ་ཡོངས་མང་གཙོ་བསྟི་གནས་ཁང་ (NDI) དང་། འབྲེལ་ཡོད་ལས་བྱེད་ཡོངས་ལ་ཐུགས་རྗེ་ཆེ་ཞུས་རྗེས། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སློབ་དཔོན་མེ་ཀལ་ཝན་ཝལ་ཊ་པཱ་རག་ལགས་དང་། ལྕམ་སྐུ་མ་ཡེག་ བྷོལ་ཊཡེ་སི་ལགས་རྣམ་གཉིས་སོགས་ལ་ཕྱག་རྟགས་ཕུལ་རྗེས། ཐེངས་འདིའི་ཉིན་གསུམ་རིང་གི་བོད་དོན་ཞུ་གཏུགས་དང་འབྲེལ་བའི་ཚོགས་འདུ་དེ་བཞིན་ལེགས་གྲུབ་བྱུང་ཡོད་པ་བཅས། །