བོད་ཆུ་འབྲུག་ལོའི་ལོ་གསར་ཚེས་ ༡ ཉིན་སྤྱི་འཐུས་རྣམ་པས་བོད་ནང་གི་ཛ་དྲག་གནས་སྟངས་ཐད་གདུང་སེམས་མཉམ་བསྐྱེད་ཀྱི་ཟས་བཅད་ངོ་རྒོལ་གྱི་མཛད་རིམ།

༄༅། །བོད་ཆུ་འབྲུག་ལོའི་ལོ་གསར་ཚེས་ ༡ ཉིན་རྡ་ས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རྭའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་མཆོག་གིས་དབུས་རྒྱུན་ལས་རྣམ་པ་དང་།  རྡ་ས་དང་། དེའི་ཉེ་ཁུལ་གྱི་ཕྱོགས་བཞུགས་སྤྱི་འཐུས་རྣམས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཟས་བཅད་ཞི་བའི་ངོ་རྒོལ་སྤེལ་རྒྱུའི་མཛད་རིམ་གཤམ་གསལ།

  • དང་པོ། སྔ་དྲོ་ཆུ་འབྲུག་ལོའི་གནམ་ལོ་གསར་བཞད་ལ་ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དབུ་བཞུགས་ཀྱིས་དཔལ་ལྡན་འདོད་ཁམས་དབང་ཕྱུག་མའི་ཚེས་གཏོར་དང་། རྟེན་འབྱུང་མཛད་སྒོ་གྲུབ་འཕྲལ་ཚོུད་ ༡༠།༠༠ ནས་ཟས་བཅད་ཞི་བའི་ངོ་རྒོལ་གྱི་ལས་འགུལ་དབུ་འཛུགས་ཞུ་རྒྱུ།
  • གཉིས་པ། ཐོག་མར་བོད་ཀྱི་ཟློས་གར་ཚོགས་པས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་རྔ་རོལ་དང་བཅས་འབུལ་རྒྱུ།
  • གསུམ་པ། གཞིས་བྱེས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་མཛད་རྗེས་ལ་རྗེས་དྲན་དང་འབྲེལ་བའི་མྱ་ངན་གུས་འདུད་ཀྱི་ངག་བཅད་སྐར་མ་གཅིག་རིང་གནང་རྒྱུ།
  • བཞི་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་ལས་འགུལ་དང་འབྲེལ་བའི་གསུང་བཤད་གནང་རྒྱུ།
  • ལྔ་པ། དེ་རྗེས་སྨོན་ལམ་གསུང་འདོན་དང་། བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་གྱི་གློག་བརྙན་ཁག་གཟིགས་འབུལ་བཅས་རེས་མོས་ཀྱིས་གནང་རྒྱུ།
  • དྲུག་པ། དགོང་དྲོ་ཚོུད་ ༥ པ་ཡོལ་བ་དང་བོད་མི་མང་སྤྱི་འཐུས་རྣམ་པས་སྣེ་འཁྲིད་གནང་སྟེ་མེག་གྷན་བརྒྱུད་མར་མེའི་ཁྲོམ་བསྐོར་གནང་བཞིན་པར་སླར་ཡང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རྭར་འཛོམས་རྒྱུ།
  • བདུན་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་ལས་འགུལ་མཇུག་བསྡོམས་ཀྱི་གསུང་བཤད་གནང་རྒྱུ།
  • བརྒྱད་པ། བོད་ཀྱི་ཟློས་གར་ཚོགས་པས་བདེན་ཚིག་སྨོན་ལམ་གསུང་སྐུལ་རྗེས་ཚང་མས་འུར་འདོན་གྱིས་གསོལ་འདེབས་སྨོན་ལམ་གདུང་ཤུགས་དྲག་པོས་བཏབ་སྟེ་གྲོལ་རྒྱུ་བཅས།         ཚོགས་དྲུང་ལས་ཁུངས་ནས་  ཕྱི་ལོ་  ༢༠༡༢  ཟླ་ ༢ ཚེས་ ༡༨ ལ།། །།