བོད་གཞུང་མང་ཚོགས་ཆེན་ཐེངས་གཉིས་པའི་ཚོགས་ཆུང་ཁག་གི་སྙན་ཐོ་ཕྱོགས་བསྡོམས།

༄༅།། སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པའི་གྲོས་ཆོད་ཡིག་ཆ་ཨང་ ༤༨ པའི་དགོངས་དོན་༼བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ། ༢༠༡༡༽ བོད་རྒྱལ་ལོ་ ༢༡༣༨ ཕྱི་ལོ་ ༢༠༡༡ ཟླ་བ་ ༥ ཚེས་ ༢༡ ནས་ ༢༤ བར་སྐོང་འཚོགས་ལྟར། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཀྱི་སྔོན་གླེང་དང་། དོན་ཚན་དང་པོའི་ཐད་ཚོགས་ཆུང་བཅུ་རུ་ཆ་བགོས་གནང་བའི་བསམ་འཆར་ཇི་བྱུང་མཐའ་དོན་ཕྱོགས་བསྡོམས་ཞུས་པའི་རྒྱབ་གཉེར་སྙན་ཐོ།

 

      བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཟིན་བྲིས་ནང་གསལ་སྔོན་གླེང་དང་དོན་ཚན་དང་པོ་ཟིན་བྲིས་ནང་འཇོག་དགོས་པར་ཚོགས་ཆུང་དགུས་སྤྱི་མོས་དང་མང་མོས་གང་རུང་གི་རྒྱབ་སྐྱོར་གནང་ཞིང་། ཚོགས་ཆུང་དགུ་པས་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་མཛད་འགན་བཞེས་རྒྱུའི་གསོལ་འདེབས་ལ་ཞལ་བཞེས་མ་བྱུང་ཚེ། ཟིན་བྲིས་ནང་གསལ་ལྟར༌འཇོག་རྒྱུར་དགག་ཆ་མེད་པའི་བསམ་ཚུལ་བཏོན་པ་བཅས་མདོ་དོན་སྔོན་གླེང་དང་དོན་ཚན་དང་པོ་འཇོག་རྒྱུར་ཚོགས་ཆེན་འདི་ཐོག་ནས་རྒྱབ་གཉེར་ཞུས་པ་དང་ཆབས་ཅིག་ཚིག་དོན་འགའ་ཞིག་གི་ཐད་བཟོ་བཅོས་དང་ཁ་སྣོན་དགོས་པའི་དགོངས་འཆར་གནང་ཁོངས་ནས་དགོངས་མཐུན་ཆེ་བ་རྣམས་སྔོན་གླེང་དང་དོན་ཚན་དང་པོའི་ཟིན་བྲིས་རང་ལ་བཟོ་བཅོས་བྱས་པ་ཟུར་དུ་གསལ་ཞིང་། དེ་མིན་དོན་གནད་གལ་ཆེ་བ་ཁག་ཅིག་གཤམ་གསལ།

༡༽     སྔོན་གླེང་ནང་གསལ་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་པ་ནས་བོད་གཞུང་ས་གནས་སྲིད་གཞུང་ལྟ་བུར་གྱུར་པའི་ཚིག་བརྗོད་གསལ་བ་ཕྱིར་བསྡུ་དགོས་པའི་ཐད། སྤྱི་མོས་སམ་མང་མོས་ཀྱི་རྒྱབ་གཉེར་བསམ་འཆར་འབུལ་མཁན་ཚོགས་ཆུང་ ༡།༣།༤།༦ བཅས་དང་། ཚོགས་ཆུང ༥ པས་མང་མོས་ཀྱི་དགག་ཆ། ཚོགས་ཆུང་༢།༧།༨ པ་བཅས་ཀྱིས་ཕྱིར་བསྡུ་དགོས་མིན་བསམ་འཆར་བཏོན་མི་འདུག

༢༽     ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༤ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་བསྩལ་བའི་གསུང་འཕྲིན་གཞིར་བཟུང་། སྔོན་གླེང་ནང་བོད་རྗེ་གཉའ་ཁྲི་བཙན་པོ་ནས་དགའ་ལྡན་ཕོ་བྲང་བར་གྱི་བྱུང་རབས་རྣམས་གསར་སྣོན་དགོས་པར། ཚོགས་ཆུང་ ༡།༤།༥།༦།༧།༩ བཅས་ཀྱིས་རྒྱབ་གཉེར་གནང་།

༣༽    བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཟིན་བྲིས་ནང་། བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་ཞེས་གསལ་བ་དེ། སྔར་ལམ་ལྟར་བཙན་བྱོལ་བོད་གཞུང་ཞེས་འགོད་དགོས་པའི་རྒྱབ་གཉེར་གནང་མཁན་ཚོགས་ཆུང་ ༡།༢།༤།༦།༧།༨།༩།༡༠ བཅས་དང་། ཚོགས་ཆུང་ ༣ པས་མང་མོས་ཀྱི་དགག་ཆ། ཚོགས་ཆུང་ ༥ པས་དེའི་ཐད་བསམ་འཆར་གང་ཡང་བཏོན་མི་འདུག

༤༽    ཚོགས་ཆུང་ ༡།༢།༣།༤།༥།༦།༧།༨། བཅས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆོས་ཀྱི་རྒྱལ་པོ་དང་། གངས་ལྗོངས་༸རྒྱལ་བསྟན་ཡོངས་ཀྱི་མངའ་བདག བོད་གཞིས་བྱེས་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སོགས་ཀྱི་མཚན་གནས་གང་འོས་ཤིག་འབུལ་དགོས་པའི་རྒྱབ་གཉེར་གནང་།

༥༽    ཚོགས་ཆུང་ ༢།༣།༤།༥།༧།༨།༩ བཅས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཨིན་ཇིའི་རྒྱལ་པོ་རྒྱལ་མོ་ལྟར་བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་མཚན་གནས་བཞེས་གནང་ཡོང་བའི་གསོལ་འདེབས་ཞུ་རྒྱུའི་རྒྱབ་གཉེར་ཞུས་པ་བཅས། ཕྱི་ལོ ༢༠༡༡ ཟླ་ ༥ ཚེས་ ༢༤ ཉིན་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ། ༢༠༡༡ གི་ཚོགས་འདུ་རྒྱས་འཛོམས་ཐོག་སྤྱི་མོས་བྱུང་བའོ།། །།

 

 

བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་།

བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ།