བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་དབུ་བརྙེས་ནས་མི་ལོ་ ༡༡ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་དམིགས་བསལ་སྐུ་མགྲོན་དུ་གདན་ཞུས་ལྟར་སྤྱི་འཐུས་རྒྱ་རིགས་ཐར་མཆོག་ཕེབས་པ།

ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༥ ཉིན་རྡ་ས་བཞུགས་སྒར་བོད་ཀྱི་སྨན་རྩིས་ཁང་གི་མཐོ་སློབ་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་དབུ་བརྙེས་ནས་མི་ལོ་ ༡༡ འཁོར་བའི་དུས་དྲན་དང་དམིགས་བསལ་ཚོགས་འདུ་ཐེངས་གཉིས་པའི་དབུ་འབྱེད་མཛད་སྒོ་ཚོགས་ཡོད་པ་རེད།

དེ་ཡང་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་སྤྱི་འཐུས་རྒྱ་རིགས་ཐར་མཆོག བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཀྱི་འགན་འཛིན་གྱིས་གཙོས་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྨན་པ་སོགས་མི་གྲངས་ ༧༠ ཙམ་ལྷན་འཛོམས་ཐོག་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་ཞལ་ཕྱེ་གྲུབ་མཚམས་གཡུ་ཐོག་གསོལ་འདེབས་གསུང་འདོན་དང་འབྲེལ་གསོལ་ཇ་འབྲས་སིལ་ཕུལ།
དེ་རྗེས་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་དྲུང་ཆེས་ལས་བསྡོམས་སྒྲོག་སྦྱང་གནང་གྲུབ་བསྟུན་སྐུ་མགྲོན་གཙོ་བོས་གཡུ་ཐོག་སྙིང་ཐིག་སྨན་སྦྱོར་ཁང་གི་དེབ་སྐྱེལ་ཕྱག་འཁྱེར་གནང་། དེ་ནས་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོས་ངོ་སྤྲོད་གསུང་བཤད་དང་། སྨན་པ་མཁྱེན་རབ་རྒྱ་མཚོ་མཆོག་གིས་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་གྱི་གསུང་བཤད་སྒྲོག་སྦྱང་གནང་། སྨན་རམས་པ་འཕྲིན་ལས་གཡང་འབྱོར་ལགས་ཀྱིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་།
དེ་རྗེས་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་gyarig 2རྒྱ་རིགས་ཐར་མཆོག་གིས་གསུང་བཤད་གནང་དོན། བཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་དབུ་བརྙེས་ནས་མི་ལོ་ ༡༡ འཁོར་བའི་དུས་དྲན་དང་དམིགས་བསལ་ཚོགས་འདུ་ཐེངས་གཉིས་པའི་དབུ་འབྱེད་མཛད་སྒོར་ཕེབས་པའི་སྐུ་མགྲོན་རྣམ་པ་དང་། ལྷག་པར་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་མི། དེ་བཞིན་ཚོགས་བཅར་བ་ཡོངས་ལ་ངས་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཚོགས་འདུ་འདིར་ཆེད་ལས་པ་རྐྱང་རྐྱང་འཛོམས་ཡོད་སྟབས་དམིགས་བསལ་ཆགས་ཀྱི་ཡོད། སྤྱིར་བོད་ཀྱི་སྤྱི་ཚོགས་རང་བཞིན་ཀྱི་ལྟ་སྟངས་ཐོག་ནས་སྨན་པར་ཧ་ཅང་གལ་ཆེན་པོ་དང་མཐོང་ཆེན་པོ་བརྩི་བཞིན་ཡོད་པ་ལྟར། དེ་རིང་འདིར་ཚོགས་པའི་ཆེས་མཐོའི་སྨན་པ་རྣམ་པ་ཡིན་ནའང་བོད་ཀྱི་བཅུ་ཕྲག་རིག་ པའི་ཡ་གྱལ་གསོ་བ་རིག་པ་ལ་སྦྱངས་པ་མཐར་ཕྱིན་པའི་ཆེད་མཁས་པ་རྐྱང་རྐྱང་ཡིན་པར་བརྟེན། ང་ལྟ་བུ་བོད་ཀྱི་གསོ་བ་རིག་པར་སྦྱང་མྱོང་མེད་མཁན་ཞིག་གིས་དམིགས་བསལ་ཞུ་རྒྱུ་གང་ཡང་མེད། འོན་ཀྱང་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་ཚབ་ཞུས་ཏེ་སོ་སོའི་བསམ་ཚུལ་འགའ་ཤས་ཞུ་འདོད་བྱུང་། སྤྱིར་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་འདི་སྐབས་ ༡༣ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་སྐབས་ཁྲིམས་ཡིག་གཏན་འབེབས་བྱས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོག་མཆན་སྩལ་བ་ནས་བཟུང་བོད་མིའི་སྒྲིག་འཛུགས་ཀྱི་རང་སྐྱོང་ངོ་བོའི་ཐོག་གཞུང་འབྲེལ་ལྷན་ཚོགས་ཤིག་ཆགས་ཡོད། ལྷན་ཚོགས་འདི་དབུ་བརྙེས་ནས་ད་བར་ཕྱག་ལས་མི་ཉུང་བ་ཞིག་གནང་ཡོད་པ་མ་ཟད། གྲུབ་འབྲས་ཀྱང་གང་ཙམ་ཐོན་ཡོད་པ་འདི་དགའ་འོས་པ་ཞིག་ཡིན།
བོད་ཀྱི་གསོ་བ་རིག་པ་འདིར་གཞན་དང་མ་འདྲ་བའི་ལོ་རྒྱུས་རིང་པོ་ཡོད་པ་མ་ཟད། སྔོན་མ་བོད་བཙན་པོའི་སྐབས་ནས་མིག་དང་སྙིང་གཤgyarigག་བཅོས་ཀྱི་སྨན་བཅོས་བྱེད་ཐུབ་པའི་རིག་གཞུང་ཚད་ལྡན་ཞིག་ཡིན་པའི་ལོ་རྒྱུས་ཡོད་པ་དང་། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ཏེ། རིག་གཞུང་གཏོར་བཤིག་གི་ཉག་ཕྲའི་དུས་ཚོད་འདི་ལྟ་བུར་ཡང་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་དགོངས་གཞི་ལྟར་ང་ཚོས་སྐྱར་དུ་ཉམས་གསོ་ཡག་པོ་གནང་ཐུབ་ཡོད་པས། མ་འོངས་པར་རིག་གཞུང་འདིའི་སྲོལ་རྒྱུན་གྱི་ཁྱད་ཆོས་མ་བརླག་པའི་ཐོག་ནས། དེང་རབས་ཀྱི་རྗེས་ཆོད་པ་ཞིག་བྱེད་དགོས་སྐོར་སོགས་གསུང་ཡོད་པ་རེད།

གོང་གསལ་མཛད་སྒོ་གྲོལ་བའི་ཉིན་རྒྱབ་ཏུ་བོད་ཀྱི་གསོ་བ་རིག་པའི་སྲིད་བྱུས་དང་འབྲེལ་བའི་ཐོག་༸རྒྱལ་བའི་སྐུ་བཅར་སྨན་པ་རྣམས་པ་དང་། སྨན་ལྷན་ཚོགས་མི་ཟུར་པ་ཁག་གཅིག དེབ་སྐྱེལ་ཡོད་པའི་གསོ་རིག་སློབ་གཉེར་ཁང་གི་འགན་འཛིན་ནམ་སློབ་སྤྱི། གཞན་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་དང་དྲུང་ཆེ། ཚོགས་འདུ་འདི་དང་ཐད་ཀར་འབྲེལ་བ་ཡོད་པའི་རྒྱ་གར་དབུས་སྨན་གྱི་ལྷན་ཚོགས་ནས་ཐད་བསྐོས་གནང་བའི་སྐུ་ཚབ་ཚོགས་མི་སྨན་རམས་པ་འཕྲིན་ལས་གཡང་འབྱོར་བཅས་མཉམ་ཞུགས་ཐོག་གོ་བསྡུར་བགྲོ་གླེང་གནང་སྐབས། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་གཉིས་མཉམ་ཞུགས་ཡོང་བ་ཞེས་སྨན་པའི་ལྷན་ཚོགས་ཡིག་ཚང་ནས་རེ་སྐུལ་བྱུང་དོན་བཞིན། སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་དང་། སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོ་མཆོག་རྣམ་གཉིས་མཉམ་ཞུགས་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ།