བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༡༧ འཁོར་བའི་དུས་དྲན་དང་བསྟུན་ཡིག་ཚང་དབུ་འབྱེད་མཛད་སྒོར་དཔལ་ལྡན་ཚོགས་གཞོན་མཆོག་གིས་གསུང་བཤད་གནང་བ།  

༄༅། ། ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༥ ཉིན་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་རྡ་ས་བཞུགས་སྒར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནང་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཡིག་ཚང་ཞིག་དབུ་འབྱེད་དང་འབྲེལ། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་དབུ་བརྙེས་ནས་མི་ལོ་ ༡༧ འཁོར་བའི་དུས་དྲན་གྱི་མཛད་སྒོ་སྟབས་བདེ་ཞིག་ཚོགས་གནང་སོང་།

དེ་ཡང་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག དེ་བཞིན་སྐུ་མགྲོན་དུ་བདེ་ལེགས་སྨན་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་མཆོག འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས། འཕྲོད་བསྟེན་དྲུང་འཕར་བྱམས་པ་ཕུན་ཚོགས་ལགས། སྨན་རྩིས་ཁང་འགན་འཛིན་ཚེ་རིང་བཀྲ་ཤིས་ལགས། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་མཚམས་གཅོད་ལགས། གཞན་ཡང་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་རྒྱུན་ལས་ཟུར་པ་ཁག་ཅིག་བཅས་ལྷན་འཛོམས་ཀྱིས་ཐོག་མར་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་ཡིག་ཚང་དབུ་འབྱེད་གནང་། དེ་ནས་ཚོགས་བཅར་བ་ཡོངས་ནས་གཡུ་ཐོག་གསོལ་འདེབས་གསུང་འདོན་གནང་རྗེས། གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་མཚམས་གཅོད་ལགས་ཀྱིས་ལོ་འཁོར་ལས་བསྡོམས་སྙན་སྒྲོན་གནང་སོང་།

སྐབས་དེར་དམིགས་བསལ་སྐུ་མགྲོན་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་ཕྱོགས་བསྒྲིགས་ཞུས་པའི་གསོ་རིག་ཆེད་རྩོམ་ཕྱོགས་བསྡུས་ཞེས་པའི་དཔེ་དེབ་དྲྭ་ལམ་ཐོག་ནས་དབུ་འབྱེད་གནང་རྗེས། ཚོགས་བཅར་བ་ཡོངས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། གཞི་རྩའི་ང་རང་རིག་གནས་ཆེན་པོའི་ཐོག་སྦྱངས་པའི་ཡོན་ཏན་དང་རྒྱུས་མངའ་དེ་ཙམ་མེད་དུས། དེ་ཚོའི་ཐོག་རྒྱས་བཤད་ཞུ་རྒྱུ་ཁག་པོ་རེད། སྤྱིར་གསོ་བ་རིག་པའི་གཞུང་ལུགས་ནི་མི་ལོ་བརྒྱ་ཕྲག་མང་པོའི་རིང་བོད་ཀྱི་རིག་གནས་ཆེ་བ་ཞིག་ཆགས་ཀྱི་ཡོད་སྟབས། དེའི་སྟེང་ལ་སྣོན་འཕྲི་སྤོར་གཅོག་ཞུ་རྒྱུ་སུ་གང་ལའང་ཡོད་མ་རེད་བསམ་གྱི་འདུག གཞུང་དེ་ལ་ཐོས་བསམ་གནང་སྟེ་མཐར་ཕྱིན་པ་སྦྱོང་དགོས། ༧རྒྱལ་དབང་ཐམས་ཅད་མཁྱེན་པའི་ཐུགས་རྗེའི་བཀའ་དྲིན་འོག་ང་ཚོ་བཙན་བྱོལ་ལ་འབྱོར་མ་ཐག་ད་ལྟའི་བོད་ཀྱི་སྨན་རྩིས་ཁང་ཐོག་མར་འགོ་འཛུགས་ཞུས་ནས་ད་ཆ་ལོ་ངོ་དྲུག་ཅུར་ཉེ་བ་ཆགས་བསྡད་ཡོད་རེད། འདས་པའི་ལོ་ངོ་དྲུག་ཅུའི་ནང་ཐོག་མར་བོད་ཀྱི་སྨན་རྩིས་ཁང་དང་། རིམ་པས་ལྕགས་པོ་རི་དྲན་རྟེན་བོད་སྨན་སློབ་གཉེར་ཁང་། ཝར་ན་བོད་ཀྱི་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་། དེ་བཞིན་སོ་ལེན་ནང་གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་། ལ་དྭགས་དབུས་གཞུང་ནང་པའི་མཐོ་རིམ་སློབ་གཉེར་ཁང་། ཉེ་ཆར་སྒང་ཏོག་ (Namgyal Institute of Tibetology) ནང་ལའང་གསོ་བ་རིག་པ་སློབ་གཉེར་གནང་སའི་ཡན་ལག་སོགས་བཙུགས་གནང་ཡོད། གང་ལྟར་རྒྱ་གར་ནང་བོད་ཀྱི་གསོ་བ་རིག་པའི་བསྟི་གནས་མང་པོ་ཡོད་རེད། གཞན་རྒྱལ་ཁབ་ཁག་ལ་བརྗོད་མི་དགོས་པ་རེད། དེ་ལྟར་བསྟི་གནས་ཁང་མང་པོ་ཡོད་པ་དེ་རྣམས་གཞུང་ལུགས་གཅིག་གི་ཐོག་ལ་བསླབ་པ་ཐོས་བསམ་གནང་མཁན་ཤ་སྟག་རེད། ད་ལྟ་ལས་བསྡོམས་ནང་གསལ་བ་ལྟར། བར་ལམ་ནས་བསྟི་གནས་ཁང་དེ་དག་ནས་སློབ་གཉེར་བ་མང་པོ་ཐོན་ཏེ་སྤྱི་ཚོགས་ནང་གསོ་རིག་གཞུང་ལུགས་ཕྱག་བསྟར་གནང་མཁན་མང་རུ་ཕྱིན་ཡོད།

ང་ཚོས་གཞུང་ལུགས་ཡོད་པ་དེ་ཚད་ལྡན་ཐོག་བེད་སྤྱོད་གནང་རྒྱུའི་སླད་དགོངས་ཚུལ་མང་པོ་བྱུང་ནས་རིམ་པས། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ (ཐོག་མར་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཞེས་ཟེར།) ཀྱི་ཁྲིམས་སྒྲིག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་གནང་བ་རེད། ཁྲིམས་སྒྲིག་དེ་ཡང་ཕྱི་ལོ་ ༢༠༠༣ ལོར་གཏན་འབེབས་གནང་ནས་ད་བར་ལོ་ངོ་ ༡༨ འགྲོ་གི་ཡོད་པ་དང་། གསོ་བ་རིག་པའི་ལྷན་ཚོགས་ཀྱི་སྒྲིག་འཛུགས་དེ་ཉིད་དབུ་བརྙེས་ནས་ལོ་ངོ་ ༡༧ འགྲོ་གི་ཡོད་རེད། བར་ལམ་ཕྱི་ལོ་ ༢༠༡༤ ཙམ་ནས་སྒྲིག་འཛུགས་དགོས་དང་མི་དགོས། གནས་དང་མི་གནས། དེ་འདྲའི་གནས་བབ་གཅིག་གི་ཐོག་སླེབས་རྗེས་སྤྱི་འཐུས་ལྷན་ཚོགས་དང་འཛིན་སྐྱོང་བཀའ་ཤག་དབར་གྲོས་ཚོགས་ནང་གོ་བསྡུར་ལྷུགས་པོ་གནང་སྟེ་ཚོགས་ཆུང་རིམ་པ་གཉིས་བཙུགས་གནང་ཡོད་རེད། ཚོགས་ཆུང་གཉིས་པ་དེའི་ནང་སྐབས་དེའི་སྤྱི་འཐུས་ཀརྨ་ཡེ་ཤེས་མཆོག་དང་། སྨན་རམས་པ་རྒན་པ་ཚེ་འདས་པདྨ་རྡོ་རྗེ་ལགས། ང་རང་བཅས་གསུམ་ལ་ཟླ་དྲུག་ནང་ཚུན་ལ་གསོ་བ་རིག་པའི་ལྷན་ཚོགས་ཀྱི་སྒྲིག་འཛུགས་དགོས་དང་མི་དགོས་པའི་ཐོག་སྙན་ཐོ་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་བཅུ་པའི་ནང་བསྣམས་དགོས་རེད་ཅེས་གསུངས་སོང་། དེ་གཞིར་བཟུང་ལས་དོན་ཆ་ཚང་ལོགས་སྡེ་ཚན་ལྔ་ལ་བགོས་ཏེ། སྡེ་ཚན་རེ་ལ་དྲི་བ་མི་འདྲ་བ་བཅུ་རེའམ་བཅོ་ལྔ་རེ་བྱས་ནས་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་དང་། དེ་བཞིན་སྨན་རྩིས་ཁང་གི་འགན་འཛིན་གཙོས་པའི་འབྲེལ་ཡོད་ཚང་མར་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་མུ་མཐུད་ནས་གནས་ཐབས་དགོས་གལ་ཐོག་ཚང་མའི་དགོངས་ཚུལ་བླངས་རྗེས། སྔོན་མའི་སྒྲོམ་གཞི་ལ་བསྒྱུར་བ་ཕྲན་བུ་བཏང་ནས་རྒྱ་གར་གཞུང་གི་ལྷན་ཚོགས་ཀྱི་འགྲོ་སྟངས་ཐོག་གོམ་པ་སྤོ་རྒྱུའི་སྒྲོམ་གཞི་ཞིག་བཟོས་ཏེ་སྙན་ཐོ་ཕུལ་བའི་ཐོག་འཛིན་སྐྱོང་བཀའ་ཤག་ནས་དཔལ་འབྱོར་མཐུན་འགྱུར་གནང་དགོས་ཀྱི་འདུག་ཅེས་ཞུས་པ་གཞིར་བཟུང་། ཕྱི་ལོ་ ༢༠༡༥ ནས་ད་བར་ལོ་དྲུག་འགྲོ་གི་ཡོད་པ་དང་། ཚོགས་པའི་ཚོགས་གཙོ་མི་འདྲ་བ་གསུམ་བྱུང་ཡོད་རེད། གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་ཁག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་ལ་ཕབ་པ་རེད། སྤྱི་འཐུས་ལྷན་ཚོགས་ཀྱིས་ཁྲིམས་སྒྲིག་གཏན་ལ་ཕབ་པ་དེ་དག་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་བདུན་གྱི་ཁྱབ་ཁོངས་དང་། སྤྱི་སྒེར་ཚང་མས་སྲུང་བརྩི་ཞུ་དགོས།

ད་བར་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཡར་རྒྱས་གོང་འཕེལ་བྱུང་བ་དེ་ཚོགས་པའི་ནང་ཡོད་པའི་ཚོགས་མི་རྣམ་པས་ཕྱར་གྲུ་མཉམ་འདེགས་བྱས་པའི་འབྲས་བུ་རེད། ཁྲིམས་སྒྲིག་གཏན་འབེབས་གནང་དགོས་པ་དང་། ཚོགས་ཆུང་བཙུགས་དགོས་པའི་དམིགས་ཡུལ་གཞིར་བཟུང་ཕྱག་ལས་གནང་དགོས་པ་གལ་ཆེན་པོ་རེད། ང་རང་གཞུང་ལུགས་འདིའི་ཐོག་བསླབ་པ་སློབ་གཉེར་གནང་བ་ཞིག་མིན་ཡང་། སློབ་སྟོན་པར་སྡོད་རོགས་གསུངས་པ་གཞིར་བཟུང་ངས་འདིའི་མིང་གནས་ཞིག་འཁྱེར་ནས་ད་བར་བསྡད་ཡོད་པ་དང་། ལས་དོན་ཚང་མར་རྒྱུས་མངའ་ཡོད་རེད། དེ་བཞིན་ཚོགས་འདུ་རིམ་པར་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་གདན་ཞུས་གནང་བ་ལྟར་ངོ་བཅར་གནང་ཡོད། ཕྱི་ལོ་ ༢༠༡༩ ལོར་རྒྱལ་ས་ལྡི་ལིར་ཚོགས་ཆེན་འཚོགས་སྐབས་ང་རང་སློབ་སྟོན་པའི་མིང་ཐོག་ནས་བཅར་བ་ཡིན། སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་ཀྱང་ཆེད་ཕེབས་གནང་ཡོད་རེད། མཐུན་རྐྱེན་ཡག་པོ་སྦྱར་དགོས་ཀྱི་འདུག་གསུངས་པ་གཞིར་བཟུང་དེ་ལྟར་ཕྱོགས་གང་ས་ནས་སྦྱར་གྱི་ཡོད་རེད། ཐོག་མར་སྤྱི་འཐུས་ལྷན་ཚོགས་ནས་ཁྲིམས་སྒྲིག་གཏན་འབེབས་ཞུས། དེ་རྗེས་བཀའ་ཤག་ནས་འགན་འཁུར་ཞུས། རིམ་པས་ཚོགས་ཆེན་དང་པོ་བསྐྱངས་སྐབས་ཚོགས་བཅར་བ་མང་པོ་མཇལ་རྒྱུ་བྱུང་། རྗེས་སུ་ཚོགས་ཆེན་རིམ་པར་ཚོགས་བཅར་བ་ཉུང་རུ་ཉུང་རུ་འགྲོ་གི་འདུག ཕྱི་ལོ་ ༢༠༡༩ ལོའི་ཚོགས་ཆེན་ཐེངས་དྲུག་པའི་ཐོག་ཚོགས་བཅར་བ་ཉུང་ཉུང་མ་གཏོགས་ཕེབས་མ་ཐུབ་པའི་གནས་སྟངས་བྱུང་དུས་གང་འདྲ་ཡིན་ནམ་བསམ་པའི་ཚོར་སྣང་བྱུང་། སྤྱིར་གསོ་རིག་སྨན་པ་དེབ་བསྐྱེལ་ཞུས་པ་ལྔ་བརྒྱ་ལྷག་ཡོད་པ་གཞིར་བཟུང་ཚང་མ་ལོགས་ཚོགས་བཅར་དུ་ཕེབས་མ་ཐུབ་ནའང་ཉེ་འཁོར་ལ་ཡོད་པ་རྣམས་ནས་གལ་ཆེ་དོན་ཆེར་བརྩིས་ནས་ཕེབས་དགོས་ཀྱི་རེད་བསམ་གྱི་འདུག རིམ་པས་ལྷན་ཚོགས་དེ་ཉམས་རྒུད་སོང་ནས་བསྐྱར་དུ་སྤྱི་འཐུས་ལྷན་ཚོགས་དང་། འཛིན་སྐྱོང་བཀའ་ཤག་ལ་ཞུ་མ་དགོས་པ་ཞིག་གནང་དགོས་པ་གལ་ཆེན་པོ་རེད་ཅེས་དེ་གཅིག་ཞུ་འདོད་བྱུང་།

གསོ་བ་རིག་པའི་ལྷན་ཚོགས་ནང་སྤྱི་སྒེར་གཉིས་ཀྱི་སྒྲིག་འཛུགས་ཡོད་རེད། གསོ་བ་རིག་པའི་གཞུང་ལུགས་རྩ་ཆེན་པོ་དེ་འགྲན་བསྡུར་དང་ཚོང་གི་ངོ་བའི་ཐོག་ནས་མ་ཡིན་པར་སྤྱི་ལ་ཕན་ཐོགས་ཐུབ་དགོས་པའི་ཐོག་གསོ་བ་རིག་པའི་ལྷན་ཚོགས་ནས་སློབ་གསོ་ལམ་སྟོན་གནང་དགོས་པ་གལ་ཆེན་པོ་རེད། ང་ཚོའི་སྨན་གཞུང་དེར་དང་བ་དང་། དད་པ། གུས་པ། ཡིད་ཆེས་ཐོག་ནས་སྨན་གཏུག་བྱེད་པར་ཡོང་གི་ཡོད་པ་མ་གཏོགས། ཕྱི་ལུགས་པའི་སྨན་ནང་བཞིན་གནས་སྐབས་ན་ཚ་དྲག་རྒྱུའི་ཆེད་དུ་མ་རེད། དེ་བཞིན་བོད་ནང་རྒྱ་ནག་དམར་གཞུང་གིས་བོད་ཀྱི་གསོ་བ་རིག་པ་བེད་སྤྱོད་ལོག་པར་གཏོང་སྐབས། གསོ་རིག་ལ་སྦྱངས་པ་ཡོད་པ་རྣམས་ནས་རྩོམ་ཡིག་སོགས་བྲིས་ནས་ལན་འདེབས་གནང་དགོས་པ། ལྷག་པར་དུ་རྒྱ་གར་གྱི་དཔོན་རིགས་ཁག་ལ་འབྲེལ་བ་ཡག་པོ་གནང་དགོས་སྐོར་སོགས་གསུང་བཤད་གནང་སོང་།

གཞན་ཡང་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་གིས་གསོ་རིག་ལྷན་ཚོགས་ཀྱི་ལས་ཁུངས་ཡག་པོ་བྱུང་འདུག་པར་བསྔགས་བརྗོད་དང་། བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་བཀའ་ཤག་ནས་ད་བར་མཐུན་འགྱུར་གང་ཐུབ་གནང་གི་ཡོད་པ་དང་། དེ་བཞིན་འཕྲོད་བསྟེན་ལས་ཁུངས་ནས་བོད་ཀྱི་གསོ་བ་རིག་པ་གལ་ཆེར་བརྩིས་ཀྱི་ཡོད་པ། དེ་གའི་ཁང་ཁུངས་ཆེ་བ་གཅིག་གསོ་རིག་ལྷན་ཚོགས་ཀྱི་ཡིག་ཚང་ལ་གནང་བ་སོགས་མཐུན་འགྱུར་གང་ལེགས་གནང་གི་ཡོད་པ། ཕྱོགས་ཚང་མས་ནུས་པ་མཉམ་སྤུངས་ཐོག་ནས་ཕྱག་ལས་གནང་དགོས་པ། ༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་གང་གནང་བའི་ཐོག་ཕྱིར་བལྟས་བྱས་ནས་མགོན་པོ་གང་གིས་དུས་ཀྱི་སྔོན་ལ་བཀའ་སློབ་ལམ་སྟོན་ཕེབས་པའི་ཐོག་ལ་གཟིགས་ཏེ་ད་ལྟའི་དུས་ཚོད་ལ་ལག་བསྟར་གང་ཐུབ་མིན་ཐོག་དཔྱད་པ་གནང་དགོས་པ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་གནང་སོང་། མཐར་བོད་ཀྱི་གསོ་བ་རིག་པའི་ཚོགས་གཙོས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་མཛད་སྒོ་གྲོལ་གནང་བ་བཅས། །