བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་ཕྱོགས་བཞུགས་སྤྱི་འཐུས་ཚེ་དབང་རིག་འཛིན་མཆོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༠ ཉིན་ཨ་རི་མི་ནི་སོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ནང་མི་ནི་སོ་ཊ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་གཟབ་རྒྱས་ངང་ཚོགས་གནང་འདུག

དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཚེ་དབང་རིག་འཛིན་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་བསྟན་འཛིན་འཇིགས་མེད་ལགས། དེ་བཞིན་སྐུ་མགྲོན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཟུར་པ་འཕྲིན་ལས་འོད་ཟེར་ལགས་དང་། དབུས་རྒྱུན་ཟུར་པ་བསྟན་འཛིན་ནོར་བཟང་ལགས། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་སྐུ་ཚབ། བོད་རིགས་སྤྱི་མཐུན་ཚོགས་པས་གཙོས་ཚོགས་སྐྱིད་ཁག་གི་སྐུ་ཚབ། ས་གཞོན་རྒྱུན་ཟུར་རྣམ་པ་བཅས་འདུ་འཛོམས་ཐོག་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཚོགས་ཁང་ནང་གདན་ཞུས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས། སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེ་དང་། གཞོན་ལྷན་ལྔ་བཅུའི་དུས་དྲན་གྱི་མངར་ཟས་བཏུབ་གནང་འདུག དེ་ནས་རིམ་པས་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ་དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མྱ་ངན་གུས་འདུད་ངག་བཅད་སྐར་མ་གཅིག་རིང་ཞུས་པ། གཞོན་ལྷན་གྱི་མཐུན་གཞས་བཏང་གནང་འདུག

མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ཕྱོགས་བཞུགས་བོོད་མི་མང་སྤྱི་འཐུས་ཚེ་དབང་རིག་འཛིན་མཆོག་གིས་གསུང་བཤད་གནང་དོན། བོད་རྒྱལ་ཁབ་ཆེན་པོའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་བའི་ཐོག་ནས་དེ་རིང་མཛད་སྒོར་ཕེབས་པའི་སྐྱབས་གནས་དགེ་འདུན་གྱི་སྡེ་དང་། དམིགས་བསལ་སྐུ་མགྲོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་བསྟན་འཛིན་འཇིགས་མེད་ལགས། དེ་བཞིན་སྐུ་མགྲོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཟུར་པ་འཕྲིན་ལས་འོད་ཟེར་ལགས་དང་། དབུས་རྒྱུན་ཟུར་པ་བསྟན་འཛིན་ནོར་བཟང་ལགས། བོད་རིགས་སྤྱི་མཐུན་ཚོགས་པས་གཙོས་གཞན་ཚོགས་སྐྱིད་ཁག་གི་སྐུ་ཚབ། ས་གཞོན་རྒྱུན་ཟུར་རྣམ་པ། དྲྭ་རྒྱ་བརྒྱུད་ཐད་གཏོང་གཟིགས་མཁན་ཚང་མར་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ཐོག་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

ད་བར་མི་ལོ་ལྔ་བཅུའི་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་བོད་ཀྱི་འཐབ་རྩོད་དང་། བོོོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན། འགོ་འཁྲིད་སྐྱེ་སྲིང་། སྤྱི་ཚོགས་ཞབས་ཞུ་སོགས་ལ་གཟེངས་སུ་ཐོན་པའི་ལས་དོན་བསྒྲུབས་དང་སྒྲུབ་མུས་ལ་སོང་། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ཚོས་ཡིད་ཆེས་དང་རེ་བ་ཆེན་པོ་བྱེད་བཞིན་ཡོད། དེ་ནི་སྒྲིག་འཛུགས་ཀྱི་གཟི་བརྗིད་ཞིག་དང་། སྒྲིག་འཛུགས་ཐོག་མར་དབུ་འཛུགས་གནང་མཁན་དབུས་པའི་ད་བར་བྱུང་བའི་དབུས་རྒྱུན་རིམ་པ་དང་། ས་རྒྱུན་རིམ་པ། ཚོགས་མི་ཡོངས་རྫོགས་ཀྱིས་སྐུ་ལས་བསྐྱོན་པའི་འབྲས་བུ་ཞིག་ཡིན་པས་ཚང་མར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་གནང་བ་དང་། དེ་བཞིན་སྤྱི་འཐུས་མཆོག་ལོ་དྲུག་རིང་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོའི་འགན་ཁུར་བཞེས་སྐབས་ལས་འགུལ་ཆེ་ཁག་གང་སྤེལ་བ་དང་། ཉམས་མྱོང་གང་བྱུང་བ་སོགས་འགྲེལ་བརྗོད་གནང་འདུག མཐར་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་། གཞིས་བྱེས་མཉམ་འཛོམས་མགྱོགས་ནས་མྱུར་དུ་ཡོང་བའི་སྨོན་འདུན་ཞུས་གནང་འདུག

གཞན་ཡང་མཛད་སྒོའི་ཐོག་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་པད་མ་བ་རོ་ལགས་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལྔ་བཅུའི་དུས་དྲན་གྱི་གསུང་བཤད་སྒྲོག་སྦྱངས་དང་། དམིགས་བསལ་སྐུ་མགྲོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་བསྟན་འཛིན་འཇིགས་མེད་ལགས་དང་། ས་གཞོན་ཚོགས་གཙོ་ཆོས་བཟང་ལགས་རྣམ་གཉིས་ནས་ལྔ་བཅུའི་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་འདུག

མཛད་སྒོའི་མཐའ་མར་ས་གཞོན་དྲུང་ཆེ་སྐལ་བཟང་ནོར་བུ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་མཛད་སྒོ་རྒྱལ་ཁའི་ངང་གྲོལ་གནང་འདུག་པ་བཅས། །