བོད་ཀྱི་གཏམ་བརྗོད་ “པ་ལགས།” ཞེས་པ་ཐེངས་དང་པོ་གཟིགས་འབུལ་ཞུ་སྐབས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༡༠ ཚེས་ ༡ ཉིན་བོད་ཀྱི་གཏམ་བརྗོད་ཚན་པ་དང་། བོད་ཀྱི་ཟློས་གར་ཚན་པ་གཉིས་ཟུང་སྦྲེལ་ཐོག་འཁྲབ་ཁྲིད་གནང་བའི་ “པ་ལགས།” ཞེས་པའི་གཏམ་བརྗོད་འདི་ཉིད་འཛམ་གླིང་སྤྱི་ཡོངས་ལ་གཟིགས་འབུལ་ཞུ་འགོ་བཙུགས་པ་ལྟར། ཆེས་ཐོག་མའི་གཟིིགས་ཕུད་དེ་བཞིན་སྐུ་མགྲོན་ཁག་ཅིག་ལ་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་གཟིགས་འབུལ་ཞུས་སོང་།

སྐབས་དེར་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཨ་ཇིཊ་ནེ་རི་ཡ་ (Ajit Nehria) ལགས་དང་དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག དེ་བཞིན་བོད་མི་མང་སྤྱི་འཐུས་རྣམ་པ། གཞན་ཡང་རྡ་ས་ཁུལ་གྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་ཕེབས་འདུག

དེ་ཡང་ཐོག་མར་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་གྱིས་གཏམ་བརྗོད་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་རྗེས། སྐུ་མགྲོན་རྣམས་ལ་གཏམ་བརྗོད་དངོས་གཞི་གཟིགས་འབུལ་ཞུས་གནང་བ་དང་། གཏམ་བརྗོད་གཟིགས་འབུལ་གྲུབ་མཚམས། སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ཐོག་མར་གཏམ་བརྗོད་གསར་རྩོམ་གནང་མཁན་སྐུ་ཞབས་ཨ་བྷི་ཤེཀ་མཱ་ཇུམ་དྷར་ (Abhishek Majumdar) ལགས་དང་། འཁྲབ་ཁྲིད་གནང་མཁན་ཇར་མ་ནཱི་ནས་ཡིན་པའི་སྐུ་ཞབས་ཧེ་རི་ཕུ་ཧར་མན་ (Harry Fuhrmann) ལགས་དང་། འཁྲད་ཁྲིད་པ་ལྷག་པ་ཚེ་རིང་ལགས། གཞན་ཡང་གཏམ་བརྗོད་ནང་དངོས་སུ་འཁྲབ་སྟོན་གནང་མཁན། དེ་བཞིན་རྒྱབ་སྐྱོར་གནང་མཁན་ཡོངས་ནས་བོད་ཀྱི་དངོས་ཡོད་གནས་ཚུལ་དེ་བཞིན་གཏམ་བརྗོད་ཀྱི་ལམ་ནས་འཁྲབ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་གསུང་དོན། ང་ཚོ་རང་དབང་ལུང་པའི་ནང་ཡོད་པ་ཚང་མ་གཞིས་བཞུགས་རྒྱ་ཆེའི་མང་ཚོགས་ཀྱི་མགྲིན་ཚབ་ཡིན་ཞེས་ཟེར་བ་ལྟར། ཁོང་རྣམ་པའི་མགྲིན་ཚབ་བྱས་ཏེ། བོད་ཀྱི་གནས་སྟངས་དེ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བསླེབ་ཐུབ་པ་བཟོ་རྒྱུར། དངོས་ཤུགས་བརྒྱུད་གསུམ་ནས་རྣམ་དཔྱོད་འདྲ་མིན་ཐོག་འབད་བརྩོན་བྱེད་དགོས་པ་དེ་ཚང་མའི་འོས་འགན་ཡིན་པ་དང་། བོད་ཀྱི་ཟློས་གར་ཚོགས་པའི་ངོས་ནས་གཞས་དང་། ཞབས་བྲོ་ཙམ་མིན་པར་གཏམ་བརྗོད་ཀྱི་ལམ་ནས་བོད་ཀྱི་དངོས་ཡོད་གནས་ཚུལ་རྣམས་བཤད་ཐུབ་པ་བཟོ་དགོས་པ་གལ་ཆེན་པོ་ཡིན་གནས། བོད་ནང་ཡོད་པའི་བོད་མི་རྣམས་ཀྱི་མངོན་འདོད་འགྲུབ་རྒྱུར་ཚང་མས་ནུས་པ་མཉམ་ཞུགས་གནང་དགོས་པ། བོད་ཀྱི་ནང་ཆོས་དང་འབྲེལ་བའི་རིག་གཞུང་རྣམས་ཚང་མས་མི་ཉམས་གོང་སྤེལ་གནང་དགོས་པ་སོགས་ཀྱི་གསུང་བཤད་གནང་སོང་། མཐར་བོད་ཀྱི་གཏམ་བརྗོད་ཚན་པའི་འགན་འཛིན་ལྷག་པ་ཚེ་རིང་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སོང་།

སྤྱིར་བོད་ནང་གི་དངོས་ཡོད་གནས་སྟངས་ལ་གཞི་བཞག་པའི་པ་ལགས་ཞེས་པའི་གཏམ་བརྗོད་དེ་ཕྱི་ལོ་ ༢༠༡༩ ལོར་ཨ་བྷི་ཤེཀ་མཱ་ཇུམ་དྷར་ (Abhishek Majumdar) ལགས་ཀྱིས་ཐོག་མར་ཨིན་སྐད་ཐོག་བརྩམས་ཏེ། རྒྱལ་སྤྱིའི་སྟེང་གཟིགས་འབུལ་ཞུས་འདུག་པ་དང་། ཕྱིས་སུ་རྩོམ་པ་པོའི་མངོན་འདོད་གཞིར་བཟུང་གཏམ་བརྗོད་འདི་ཉིད་བོད་སྐད་ཐོག་ལྷག་པ་ཚེ་རིང་ལགས་ཀྱིས་ཕབ་སྒྱུར་དང་འཁྲབ་ཁྲིད་ཀྱི་འགན་བཞེས་འདུག་ཅིང་། འཁྲབ་ཁྲིད་པའི་ལས་རོགས་ཇར་མ་ནཱི་ནས་ཡིན་པའི་ཧེ་རི་ཕུ་ཧར་མན་ (Harry Fuhrmann) ལགས་ཀྱིས་གནང་འདུག

གཏམ་བརྗོད་འཁྲབ་སྟོན་ཆེད་འགྲོ་གྲོན་དགོས་དངུལ་བོད་མིའི་སྒྲིག་འཛུགས་ནས་བརྒྱ་ཆ་ལྔ་བཅུ་མཐུན་འགྱུར་དང་། དེ་འཕྲོས་བོད་ཀྱི་ཟློས་གར་ཚོགས་པ་དང་བོད་ཀྱི་གཏམ་བརྗོད་ཚན་པ་ཐུན་མོང་ནས་ཐབས་འཚོལ་གནང་འདུག གཏམ་བརྗོད་ཀྱི་ཐོག་མའི་གཟིགས་ཕུད་གྲུབ་རྗེས་རྡ་ས་དང་། སྦིར་ཁུལ། ལྡི་ལི། མ་སུ་རི། མུམ་བྷཻ། རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་སོགས་སུ་རྒྱ་ཆེ་མང་ཚོགས་དང་སློབ་ཕྲུག་རྣམས་ལ་གཟིགས་འབུལ་ཞུ་རྒྱུ་དང་། རྗེས་ལོ་ནས་ཡུ་རོབ་ཁུལ་དུ་གཟིགས་འབུལ་ཞུ་འཆར་འདུག་པ་བཅས།།