བསྟན་འཛིན་སྒང་གི་དོན་རྐྱེན་སྐོར་ལ་གྲོས་ཆོད།

སྤྱི་འཐུས་སྒེར་གྱི་གྲོས་ཆོད།

སྔོན་གླེང་།

༄༅། །འཛམ་གླིང་ཞི་བདེའི་དེད་དཔོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ཉག་ཅིག་ལ་བརྟེན་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་སྔོན་བྱུང་མ་མྱོང་བའི་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་སྒྲིག་འཛུགས་ཡང་དག་པའི་མང་གཙོ་རུ་བསྐྲུན་གནང་མཛད་ཡོད་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དགོངས་པ་ཆེ་བཞེས་ཀྱིས་བོད་མི་མང་གི་འཕྲལ་ཕུགས་རྒྱང་གསུམ་གྱི་ཁེ་ཕན་ཁོ་ནའི་ཆེད་ཉེ་ཆར་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་གསུང་འཕྲིན་རིན་པོ་ཆེ་སྩལ་དོན་ལྟར་བཅའ་ཁྲིམས་རིན་པོ་ཆེར་བསྐྱར་བཅོས་གནང་བའི་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཀྱི་སྣེ་མོ་བ་གཙོས། མི་མང་བཅས་ནས་སྔར་ལྷག་ཐུགས་འགན་བསྐྱེད་བཞེད་དགོས་པ་ནི་དུས་ཀྱི་དགོས་མཁོར་མངོན། འུ་ཅག་རྣམས་ནས་བོད་མིའི་ཆོས་དང་རིག་གཞུང་དང་། ཡ་རབས་བཟང་སྤྱོད་ལ་སོགས་གོང་འཕེལ་ཐོག་ཆིག་བསྒྲིལ་གྱི་གོང་བུའི་ནུས་པ་གོང་མཐོར་གཏོང་དགོས་པ་ཡིན།

བོད་མཐོ་སྒང་གི་ནང་དུ་རྒྱ་གཞུང་ནས་ཆེད་གཉེར་གྱིས་འགྲོ་གྲོན་ཇི་མང་བཏང་སྟེ་བོད་ཀྱི་བུད་མེད་ཚོའི་སྟེང་འཚེ་བ་དང་དྲག་གནོན་བཟོད་ཐབས་བྲལ་བ་བཏང་དང་གཏོང་བཞིན་པ་ནི་ཡོངས་གྲགས་ཡིན། དེ་བཞིན་རྒྱལ་སྤྱིའི་ནང་དུའང་རྒྱལ་ཁབ་ཡར་ཐོན་མ་སོང་བ་འགའི་ནང་ལའང་བུད་མེད་ལ་དྲག་གནོན་ཡོད་པ་གོ་རྒྱུ་ཡོད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནང་དུའང་བར་ལམ་ནས་བོད་མི་བསམ་མེད་འགས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་དང་འགལ་བའི་བྱ་སྤྱོད་རེ་ཟུང་བྱུང་འདུག་པ་དེ་རིགས་འགོག་ཆེད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གྲོས་ཆོད་ཅིག་འཇོག་དགོས་པ་དུས་ཀྱི་དགོས་མཁོར་མཐོང།

གྲོས་ཆོད།

༡༽ བོད་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབས་བཟང་སྤྱོད་དང་འགལ་ཞིང་། གནས་ཡུལ་རྒྱལ་ཁབ་སོ་སོའི་ཡུལ་ཁྲིམས་དང་འགལ་བའི་ཚུལ་མིན་གྱི་བྱ་སྤྱོད་ཉེ་ལམ་བསྟན་འཛིན་སྒང་དུ་བྱུང་བའི་གནད་དོན་དེ་རིགས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་མཐའ་གཅིག་ཏུ་ངོ་རྒོལ་དང་། བྱ་སྤྱོད་དེ་དག་ཆེས་ཐ་ཤལ་ཅན་ལ་ངོས་འཛིན་བྱ་རྒྱུ།

༢༽ བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་ཕྱི་རྒྱལ་དོན་གཅོད་ཁག་དང་། བཙན་བྱོལ་བོད་མི་གནས་ཡུལ་ས་གནས་འགོ་འཛིན་བཅས་ལ་འཛིན་སྐྱོང་བཀའ་ཤག་ནས་ཐུགས་འགན་རྐང་བཞེས་ཀྱིས་གནས་ཡུལ་རྒྱལ་ཁབ་དང་ས་གནས་སོ་སོར་མ་འོངས་པར་དེ་ལྟར་མི་ཡོང་བའི་བཀོད་ཁྱབ་གཏོང་དགོས།

༣༽ འཛིན་སྐྱོང་བཀའ་ཤག་ནས་ས་གནས་སོ་སོར་བཀོད་ཁྱབ་ལམ་སྟོན་དང་ལས་དོན་ཇི་གནང་གི་སྙན་ཐོ་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པར་ངེས་འབུལ་དགོས་རྒྱུའི་སྤྱི་མོས་སམ་མང་མོས་ཀྱི་གྲོས་ཆོད་དུ། ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༣༠ ལ།།