བསྟན་འཛིན་རྒྱ་མཚོ་ལགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

139བོད་རབ་བྱུང་བཅུ་བདུན་པའི་ཤིང་མོ་ལུག་ས་ག་ཟླ་བའི་ཚེས་ ༢ ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༠ ཉིན་གྱི་དགོང་དྲོ་ཆུ་ཚོད་ ༨ པ་ཙམ་དུ་བོད་ཁམས་རྟའུ་རྫོང་ཁང་སར་ཡུལ་ཚོ་ཁུ་ནན་གྲོང་ནས་ཡིན་ཞིང་། རང་ལོ་ ༣༥ ཡིན་པའི་བསྟན་འཛིན་རྒྱ་མཚོ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བའི་གནས་ཚུལ་ཐོན་འདུག ཁོང་གི་བཟའ་ཟླའི་མིང་ལ་བསོད་ནམས་སྒྲོལ་མ་དང་། ཕྲུ་གུ་སྟོབས་ལྡན་དང། ཐུབ་བསྟན། ཚེ་རིང་མཚོ་མོ། ཚེ་དབང་རྒྱ་མཚོ་བཅས་བཞི་ཡོད་འདུག བསྟན་འཛིན་རྒྱ་མཚོ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་རྗེས་རྒྱ་གཞུང་གི་ཉེན་རྟོག་པས་བཙན་ཁྱེར་རྗེས་ཁོང་སྨན་ཁང་དུ་བསྟེན་གཏུག་བྱུང་མིན་དང་། ཤི་གསོན་ཇི་ཡིན་བཅས་ཀྱི་གནས་ཚུལ་ཞིབ་གསལ་ད་ལྟ་ཤེས་རྟོགས་ཐུབ་མེད། རྟའུ་ཁང་སར་ཡུལ་ཚོའི་ཁུ་ནན་གྲོང་གི་མི་མང་ཚོས་བཤད་པ་ལྟར་ན། ཉིན་ཤས་སྔོན་ཙམ་ལ་ས་གནས་སུ་རྒྱ་གཞུང་གིས་ས་ཁུལ་མི་མང་ནས་༸གོང་ས་མཆོག་གི་གྱ་སྟོན་སྲུང་བརྩི་ཞུ་བར་དོགས་འདྲོག་གིས་ཉིན་ཤས་རིང་ཆབ་སྲིད་དྲིལ་བསྒྲགས་དང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བ་ཤུགས་ཆེར་སྤེལ་ཞིང་། ས་གནས་ཀྱི་གཞུང་ལམ་སོགས་སུ་ལག་ཏུ་མཚོན་ཆ་ཐོགས་པའི་ཉེན་རྟོག་པ་དང་དྲག་ཆས་དམག་དཔུང་ཕོན་ཆེ་འབྱོར་ཏེ་སྨོད་ཚིག་དང་སྦྲགས་ཡུལ་མི་རེ་ཟུང་འཛིན་བཟུང་དང་འབྲེལ་མི་མང་ལ་འཇིགས་བསྐུལ་བྱས་པས་མ་ཚད། ས་གནས་བོད་མི་ཚོར་དོན་མེད་གང་བྱུང་ཉེས་རྡུང་བཏང་བ་སོགས་བྱས་པར་བརྟེན། བསྟན་འཛིན་རྒྱ་མཚོ་ལགས་སེམས་ཀྱིས་མ་བཟོད་པར་ཞི་བའི་ཡ་ལན་གྱི་ཚུལ་དུ་རང་ལུས་མེར་བསྲེགས་གནང་དགོས་བྱུང་བ་ཡིན་འདུག
ད་ལྟའི་ཆར་ས་གནས་སུ་དྲག་པོའི་དམག་དཔུང་གིས་དམ་དྲག་ཆེན་པོ་བྱེད་བཞིན་པའི་ཛ་དྲག་གི་གནས་སྟངས་དེ་དག་འབྲེལ་ཡོད་པར་རིས་ཁག་ནས་ཀྱང་ང་ཚོས་ཤེས་རྟོགས་བྱེད་ཐུབ།
ད་ལམ་རྒྱལ་གཅེས་དཔའ་བོ་བསྟན་འཛིན་རྒྱ་མཚོ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ་འདི་ནི། ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ནས་བཟུང་བོད་ཆོལ་ཁ་གསུམ་གྱི་ཁྱོན་ནས་རྒྱ་གཞུང་ལ་ཞི་རྒོལ་ཆེད་རང་ལུས་མེར་བསྲེགས་གནང་མཁན་ད་བར་ཤེས་རྟོགས་ར་སྤྲོད་གསལ་པོ་བྱུང་བའི་བོད་མི་ ༡༣༩ པ་དང། ཕྱི་ལོ་ ༢༠༡༥ ལོར་རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་ ༤ པ་དེ་ཆགས་ཀྱི་ཡོད་པ་རེད།
རྒྱ་གཞུང་གིས་ད་བར་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཞིང་འབྲོག་དང་། དགོན་སྡེ། སློབ་གྲྭ་བཅས་ཀྱི་བོད་མི་རྒན་དར་གཞོན་གསུམ་གྱིས་ཞི་བའི་སྐད་འབོད་བྱེད་པ་དང་། དམིགས་བསལ་རང་ལུས་མེར་བསྲེགས་གནང་མཁན་རྣམས་ལ་དམའ་འབེབས་དང་སྡིགས་ར་སྐུལ་བ་སོགས་ཁུངས་ལུང་མེད་པར་བསྙོན་དཀྲི་བཙན་འགེལ་བྱེད་ཀྱི་ཡོད། བོད་མི་རྣམས་ཀྱིསགཞན་ལ་འཚེ་བ་མེད་པའི་ཐོག་ནས་རང་ཉིད་ཀྱི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་དགོས་པའི་དམིགས་ཡུལ་དང་། མངོན་འདོད་ཇི་ཡིན་ལ་རྟོག་ཞིབ་ཀྱིས་གནད་དོན་དངོས་ཐག་གཅོད་ཀྱི་འགན་ཁུར་གང་ཡང་བྱེད་ཀྱི་མེད་པ་དེ་ནི་རྒྱ་གཞུང་གི་གདུག་རྩུབ་ཅན་ཀྱི་སྲིད་བྱུས་དང་ཐད་ཀར་འབྲེལ་བ་ཆགས་ཡོད།

རྒྱ་ནག་གཞུང་གིས་བོད་ཀྱི་དངོས་ཡོད་གནས་སྟངས་ལ་ཞིབ་བརྩད་དང་། བསམ་ཤེས་མེད་པར་བོད་སར་དྲག་གནོན་དང། བོད་མི་བཙན་བཟུང་བཀག་ཉར་གྱིས་སྡུག་སྦྱོང་མནར་གཅོད་བཏང་དང་གཏོང་བཞིན་པ་སོགས་ཆེས་ཡ་ང་བའི་གནས་སུ་ཡོད། རྒྱ་ནག་གཞུང་གིས་ཁ་ཡོད་ལག་ཡོད་ཀྱི་བོད་དོན་དཀའ་རྙོག་སེལ་འདོད་ཡོད་པ་དང། བོད་ཁུལ་ཞི་བདེ་དང་བརྟན་ལྷིང། བོད་རྒྱ་ཆེའི་མང་ཚོགས་རྣམས་བློ་བདེ་བག་ཕེབས་ཀྱི་ངང་འཚོ་བ་སྐྱེལ་དུ་འཇུག་འདོད་ཡོད་ཚེ། རང་ལུས་མེར་བསྲེགས་གཏོང་གནང་མཁན་རྣམས་ཀྱིས་གཙོས་བོད་མི་ཞི་རྒོལ་བ་ཡོངས་དང། བོད་རྒྱ་ཆེའི་མང་ཚོགས་བཅས་ཀྱི་མངོན་འདོད་ལ་བདག་སྤྲོད་བྱས་ཏེ་བོད་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་པ་དང། བློ་གཟུ་བོར་གནས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་གསར་འགོད་པ་སོགས་བོད་དུ་རྟོག་ཞིབ་ཆེད་ཡོང་དུ་འཇུག་དགོས་པའི་ནན་སྐུལ་བྱེད་རྒྱུ་ཡིན།
རྒྱ་ནག་གཞུང་གིས་ད་བར་བོད་ནང་སྲིད་དབང་དྲག་སྤྱོད་ལག་བསྟར་བྱས་པའི་མཇུག་འབྲས་བོད་ནང་གི་ཡ་ང་བའི་གནས་སྟང་མཐའ་དག་གི་འགན་ཡོངས་རྫོགས་རྒྱ་ནག་གཞུང་གིས་འཁུར་དགོས་པ་བཅས།།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༥ ཟླ ༥ ཚེས་ ༢༡ ལ།