བཙུན་མ་དཔལ་ལྡན་ཆོས་མཚོར་གཞུང་འབྲེལ་བསྔོ་སྨོན་མཆོད་འབུལ།

བཀའ་སྤྱི་གཉིས་ཀྱིས་གོ་སྒྲིག་འོག་ཚེས་ ༤ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ སྟེང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། རང་ལུས་མེར་ཞུགས་འབུལ་གྱིས་གཅེས་སྲོག་ཤོར་བའི་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱི་ཆེད་དུ་ རྣམ་གྲྭ་མཁན་རིན་པོ་ཆེ་དབུ་བཞུགས་ཀྱི་བསྔོ་སྨོན་མཆོད་འབུལ་ཞིག་ཚོགས་ཡོད་པ་དང་།

སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་དབུས་པའི་སྤྱི་འཐུས་རྒྱུན་ལས་དང་དྷ་སར་གནས་བཞུགས་སྤྱི་འཐུས་རྣམ་པ་དང་། བཀའ་བློན་ཁྲི་ཚབ་ཀྱིས་དབུས་པའི་བཀའ་བློན་རྣམ་པ་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཆེ་ཕྲ་ཡོངས་དང་། ངྷ་ས་ཁུལ་གྱི་དགོན་སྡེ་ཁག་གི་གྲྭ་བཙུན་དང་ས་གནས་མི་མང་། ཕྱི་རྒྱལ་བ་སོགས་སྟོང་ཕྲག་དུ་མ་མཉམ་འདུས་ཀྱིས་དཔལ་ལྡན་ཆོས་མཚོས་གཙོས་པའི་རང་ལུས་ཞུགས་འབུལ་གནང་མཁན་འདས་གསོན་ཚོར་གདུང་སེམས་མཉམ་བསྐྱེད་ཀྱི་བསྔོ་སྨོན་མཆོད་འབུལ་ཚོགས་ཡོད་པ་དང་། འདུས་ཚོགས་སུ་སྐྱབས་ཐོ་སྙན་སྒྲོན་དང་སྦྲགས། བཀའ་བློན་ཁྲི་ཚབ་པད་མ་ཆོས་འབྱོར་མཆོག་ནས་འདས་པའི་ཟླ་གྲངས་ཁ་ཤས་ཀྱི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་སྦྲགས། ཐུགས་ཚོར་ཆེན་པོའི་ངང་རྒྱ་གཞུང་གཡོ་རྫུན་གྱི་གཏམ་སྤྱོད་ཐེར་འདོན་གནང་སྟེ། བོད་ནང་གཞོན་ནུ་ཚོས་རང་ལུས་མེར་སྲེགབཏང་དང་གཏོང་བཞིན་པ་འདི་སྐྱིད་དྲགས་པ་རེད་དམ། ཡང་ན་རྒྱག་དྲགས་པ་རེད་དམ། འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་ཁག་ནས་ང་ཚོ་དང་རྒྱ་མི་སུ་ལ་བདེན་པ་ཡོད་མེད་ཉམས་ཞིབ་གནང་རོགས་ཞུ་རྒྱུ་ཡིན་ཞེས་དང་། ཁོང་རྣམ་པས་རང་ལུས་མེར་སྲེག་གཏོང་རྒྱུ་དེ་འ་ཆད་འུ་ཐུག་སྟེ་གནང་བ་རེད། རྒྱལ་ཁབ་གཞན་དུ་མི་གཅིག་ཤི་ནའང་ཛ་དྲག་ཐོག་ནས་གསར་འགྱུར་ནང་ཐོན་གྱི་འདུག ང་ཚོའི་བོད་ནང་བོད་མི་བཅུ་གཅིག་གིས་སྐུ་ལུས་མེར་སྲེག་བཏང་བ་འདི་དག་འཛམ་གླིང་གི་འགྲོ་བ་མིའི་གྲས་སུ་ཚུད་ཀྱི་ཡོད། དེ་དག་འཛམ་གླིང་གི་སྡིངས་ཆའི་སྟེང་བཞག་སྟེ་ང་ཚོར་རྒྱབ་སྐྱོར་རག་ཐབས་བྱེད་རྒྱུ་དེ་རང་དབང་ལུང་པར་ཡོད་པའི་ང་ཚོའི་ལས་འགན་རེད་བསམ་གྱི་འདུག་ཅེས་སོགས་གསུངས་ཡོད་པ་རེད། །