བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་དང་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཁག་ཅིག་གི་ངོ་སྤྲོད་སྙིང་བསྡུས་ཕྱོགས་བསྒྲིགས།

cover.indd

༄༅།།བོད་མི་མང་སྤྱི་འཐུས་སྐབས་རེ་འཕོ་ལེན་གནང་སྐབས་དེ་སྔོན་སྤྱི་འཐུས་གནང་མ་མྱོང་བ་གསར་དུ་བདམས་ཐོན་བྱུང་བའི་སྤྱི་འཐུས་རྣམ་པར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་། དེའི་ལངས་ཕྱོགས་སྲིད་བྱུས། ཁྲིམས་སྒྲིག་ཁག་སོགས་ངོ་སྤྲོད་དང་འབྲེལ་ཟབ་སྦྱོང་རེ་གནང་ལམ་ཡོད་པ་ལྟར། དེ་སྔ་ཕྱི་ལོ་ ༢༠༡༠ ལོར་བཙན་བྱོལ་བོད་གཞུང་གི་སྒྲོམ་གཞི་དང་། གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཁག་ཅིག་གི་ངོ་སྤྲོད་ཕྱག་དེབ་གཅིག་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་ནས་པར་འདེབས་འགྲེམས་སྤེལ་གནང་ཡོད་པ་དང་། ད་ལམ་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་སྤྱི་འཐུས་རྩ་འབོར་གྱི་བརྒྱ་ཆ་ ༥༠ བརྒལ་བ་སྤྱི་འཐུས་ཀྱི་ལས་གནས་ཐོག་གསར་དུ་ཕེབས་ཀྱི་ཡོད་པས་ཁོང་རྣམ་པར་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་དང་པོ་ཉིད་ཉིན་བདུན་ཅིག་རིང་ཟབ་སྦྱོང་ཞིག་ཟུར་དུ་འབུལ་རྒྱུ་གནང་ཡོད་པ་དང་།
དེ་དང་ལྷན་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་སོགས་ཀྱི་ངོ་སྤྲོད་ཅིག་ཕྱོགས་བསྒྲིགས་ཀྱིས་འགྲེམས་འབུལ་ཞུ་དགོས་ཕེབས་དོན་བཞིན་ངོ་སྤྲོད་ཁག་ལས་ཁུངས་དང་སྡེ་ཚན་ཁུངས་སོ་སོ་ནས་ཞུས་ཏེ་ཕྱོགས་བསྒྲིགས་དང་འབྲེལ་ཁག་ཅིག་ལ་བཅོས་འོས་སྙམ་པ་ཕྲན་ཚེགས་རེ་བཅོས་ཏེ་ད་ལམ་པར་འདེབས་སུ་འགྲེམས་སྤེལ་ཞུས་པ་དེ་བཞིན་ད་ཆ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་རྒྱ་ http://tibetanparliament.org/ ནང་ཡོད་པས་གཟིགས་གནང་ཡོང་བ་བཅས། བོད་མི་མང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༧ ལ།།