བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གིས་ལས་དོན་དབུ་འཛུགས་གནང་བ།

IMG_2283IMG_2273

 

 

 

 

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་དང་པོའི་གྲོས་ཆོད་ཨང་ ༢༠༡༦།༡༦།༡།༥ དང་ཡིག་ཆ་ཨང་ ༩ པའི་ནང་འཁོད། དབུས་འོས་བསྡུ་ལས་ཁང་ནས་བཟོ་འགོད་གནང་བའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་དང་། ཕྱི་ནང་གནད་ཡོད་མི་སྣ་དང་མང་ཚོགས་བཅས་ནས་འབྱོར་བའི་དགོངས་འཆར་སྙན་ཞུ་ཁག་ལ་ཞིབ་འཇུག་གིས་ད་ཡོད་འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་ཇི་དགོས་འཆར་འབུལ་གནང་མཁན་དུ། བཀའ་བློན་གཅིག་དང་། སྤྱི་འཐུས་གསུམ། དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་བཅས་ཚོགས་མི་ལྔ་ལས་གྲུབ་པའི་ཚོགས་ཆུང་ཞིག་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་བསྐོ་གཞག་གནང་དགོས་གསལ་བ་བཞིན། ཚོགས་ཆུང་གི་ཚོགས་མིར་དཔལ་ལྡན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་། དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག སྤྱི་འཐུས་པདྨ་འབྱུང་གནས་མཆོག སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག སྤྱི་འཐུས་རྒྱ་རིགས་ཐར་མཆོག་བཅས་ལ་ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༤ ཉིན་བསྐོ་གཞག་གནང་དོན་བཞིན། ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢༠ སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཚོགས་ཆུང་གི་ཚོགས་མི་རྣམས་ལྷན་འཛོམས་ཀྱིས་ཚོགས་ཆུང་གི་ཚོགས་གཙོར་དཔལ་ལྡན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་། དྲུང་ཆེར་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་ལ་ཐུགས་གཏན་འཁེལ་རྗེས་ཚོགས་ཆུང་གི་ཚོགས་མི་རྣམས་སྤྱི་ལྷན་ཚོགས་གཙོ་སྦྲེལ་པོ་མཆོག་གི་སར་ཆེད་བཅར་གྱིས་ཚོགས་ཆུང་གི་ཞུ་སྒོ་དང་འབྲེལ་བའི་ལམ་སྟོན་ཁག་ཞུས་ཏེ་ཚོགས་ཆུང་གིས་ཕྱག་ལས་དབུ་འཛུགས་གནང་ཡོད་པ་རེད།