བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པ་རྒྱལ་ཁའི་ངང་མཇུག་བསྒྲིལ་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༣ ནས་ ༥ བར་ཉིན་གྲངས་གསུམ་རིང་རྡ་ས་གངས་སྐྱིད་ཚོགས་ཁང་གསར་པའི་ནང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༥ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣།༣༠ ཐོག་ཚོགས་ཆེན་མཇུག་བསྡོམས་མཛད་སྒོ་འཚོགས་རྗེས། དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པ་རྒྱལ་ཁའི་ངང་གྲོལ་གནང་སོང་།

དེ་ཡང་དེ་རིང་སྔ་དྲོ་ཐོག་མར་ཚོགས་བཅར་བ་རྣམ་པ་གངས་སྐྱིད་ཚོགས་ཁང་གསར་པའི་ནང་ཚང་འཛོམས་ཀྱིས་ཚོགས་ཆུང་སོ་སོའི་རྒྱབ་གཉེར་སྙན་ཐོ་སྙན་སྒྲོན་གནང་རྒྱུའི་ལས་རིམ་ཐོག ཚོགས་ཆུང་བདུན་པ་ནས་བཅུ་པ་བར་གྱིས་རྒྱབ་གཉེར་སྙན་ཐོ་སྙན་སྒྲོན་གནང་རྗེས། ཚོགས་ཆུང་སོ་སོའི་རྒྱབ་གཉེར་སྙན་ཐོ་སྙན་སྒྲོ་ཟིན་པ་དང་།

དེ་རྗེས། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་དབུ་བཞུགས་ཐོག་ཚོགས་ཆུང་བཅུ་སོ་སོའི་ཚོགས་གཙོ་དྲུང་ཆེ་རྣམས་ལྷན་འཛོམས་ཀྱིས་ཚོགས་ཆུང་སོ་སོའི་རྒྱབ་གཉེར་སྙན་ཐོ་རྣམས་ཕྱོགས་བསྡོམས་གནང་ཡོད།

ཉིན་རྒྱབ་ཆུ་ཚོད་ ༡།༣༠ ཐོག་ཚོགས་བཅར་བ་རྣམས་གངས་སྐྱིད་ཚོགས་ཁང་གསར་པའི་ནང་ཚང་འཛོམས་ཐོག་དཔལ་ལྡན་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པའི་གྲོས་ཆོད་ཁག་སྙན་སྒྲོན་གནང་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད་པ་དང་།

ཕྱི་དྲོ་ཆུ་ཚོད་ ༣།༣༠ ཐོག་སྐུ་མགྲོན་རྣམ་པ་དང་། ཚོགས་བཅར་བ་རྣམ་པ་གངས་སྐྱིད་ཚོགས་ཁང་གསར་པའི་ནང་ཚང་འཛོམས་ཐོག་ཚོགས་ཆེན་མཇུག་བསྡོམས་མཛད་སྒོ་འཚོགས་ཤིང་།

མཛད་སྒོའི་ཐོག་དཔལ་ལྡན་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེངྒེ་མཆོག་གིས་བཀའ་ཤག་གི་གསུང་བཤད་དང་།

དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་ཚོགས་ཆེན་གྱི་མཇུག་བསྡོམས་མཛད་སྒོའི་གསུང་བཤད།

དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་དང་། དེ་ནས་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་གནང་རྗེས།

ཚོགས་དྲུང་ལྷ་ཁང་ཚེ་རིང་སྟོབས་རྒྱལ་ལགས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པ་རྒྱལ་ཁའི་ངང་གྲོལ་བ་གསལ་བསྒྲགས་གནང་ཡོད་པ་བཅས། །