བཅའ་ཁྲིམས་དགོངས་དོན་དམིགས་བསལ་ཚོགས་ཆེན་ཐེངས་ ༢ པར་དང་བླངས་ཚོགས་ཞུགས་སྐོར་གསལ་བསྒྲགས།

 

༄༅།  །བོད་མི་མང་སྤྱི་འཐུས་རྒྱུན་ལས་དང།  བཀའ་ཤག་ལྷན་རྒྱས་ནས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་བོད་གཞུང་མང་གཉིས་ནས་གདོང་ལེན་གནང་ཕྱོགས་སྐོར་གོ་བསྡུར་གནང་སླད།  བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་དགོངས་དོན་དམིགས་བསལ་ཚོགས་ཆེན་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༩ ཚེས་ ༢༥ ནས་ཚེས་ ༢༨ བར་བསྡུ་བཀོང་གནང་རྒྱུའི་ལས་རིམ་གཏན་འབེབས་གནང་ཁོངས་དོན་ཚན་ ༤༽ པ་ཚོགས་མིའི་ཡོང་ཁུངས་ཀྱི་ནང་གསེས་ (ཕ) རྒྱུན་ལྡན་བོད་དོན་ཐོག་ཐུགས་སྣང་དང་འགན་འཁུར་ལས་འགུལ་གནང་མཁན་དགོངས་འཆར་གནང་འདོད་ཡོད་རིགས་ནས་དང་བླངས་ཕེབས་མཁན་རྒྱ་བལ་འབྲུག་གསུམ་ནས་མི་གྲངས་ ༣༥  དེ་མིན་ནས་མི་གྲངས་ ༥༠ ལས་མ་མང་བ་དང།  དེའི་ནང་ནས་མི་གྲངས་ ༢༥ གཞོན་སྐྱེས་རང་ལོ་ ༣༠ མན་གྱི་ཆེད་དུ་ཟུར་བཅད་གནང་ཡོད་པ་ལྟར།  དང་བླངས་ཚོགས་མིའི་ཁོངས་འཛུལ་ཞུགས་ཐད།  ཕྱི་ལོ  ༢༠༡༢ ཕྱི་ཟླ་ ༦ ཚེས་ ༡༥ ནས་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༧ ཚེས་ ༣༡ བར་སྙན་ཞུ་འབྱོར་བ་ཆ་ཚང་རིམ་གསོག་གིས་མཐར་རྒྱན་སྐྱུར་གྱི་ལམ་ནས་གཏན་འཁེལ་བྱུང་བ་རྣམས་ལ་ཚོགས་བརྡ་འབུལ་རྒྱུའི་གསལ་བསྒྲགས་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༦ ཚེས་ ༡༠ འཁོད་པ་སོང་ཟིན་པ་ལྟར་ད་ཕན་རྒྱ་བལ་འབྲུག་ཁུལ་ནས་དང་བླངས་འཛུལ་ཞུགས་ཀྱི་སྙན་ཞུ་འབུལ་མཁན་གང་ཙམ་བྱུང་སོང་བ་དང་ད་དུང་འབྱོར་བཞིན་པ་ད།  ཕྱི་རྒྱལ་ཡུལ་གྲུ་གཞན་ཁག་ནས་དང་བླངས་ཚོགས་ཞུགས་ཆེད་སྙན་ཞུ་འབུལ་མཁན་ཡང་འབྱོར་བཞིན་པ་ད་དུང་འབུལ་བསྡད་ཡོད་རིགས་ནས་ ༢༠༡༢ ཕྱི་ཟླ་ ༧ པའི་ཚེས་ ༣༡ ནང་ཚུན་སྙན་ཞུ་ཕུལ་ཟིན་པ་དགོས་སྟབས་གང་མྱུར་འབུལ་གནང་ཡོང་བ།
དྭང་བླངས་ཚོགས་ཞུགས་ཆེད་སྙན་ཞུ་འབུལ་མཁན་རྣམས་ཀྱིས་ཐུགས་སྣང་ངེས་པར་དགོས་གལ་གཤམ་གསལ།

    • ༡   དང་བླངས་ཚོགས་ཞུགས་པ་རྣམས་ངེས་པར་དུ་དང་བླངས་དཔྱ་ཁྲལ་གཙང་འབུལ་གནང་མཁན་ཡིན་དགོས།
    • ༢   དེའི་ཕྱིར་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་གྲངས་ ༡,༣ དང།  ད་བར་དཔྱ་ཁྲལ་ཆ་ཚང་སྒྲུབ་འབུལ་ཟིན་པའི་རྟགས་ཐེལ་འཁོད་པའི་ཤོག་ངོས་ཀྱི་པར་བཤུས།
    • ༣   ཡང་ན་ས་གནས་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་ངམ།  འབྲེལ་ཡོད་དཔྱ་ཁྲལ་བསྡུ་མཁན་གྱི་ཚོགས་པའམ།  སྡེ་ཚན་ནས་དཔྱ་ཁྲལ་ཆ་ཚང་གཙང་འབུལ་ཟིན་པའི་ངོས་སྦྱོར་བཅས་གང་རུང་སྙན་ཞུའི་མཉམ་ངེས་འབུལ་དགོས་རྒྱུ།
    • ༤   དང་བླངས་ཚོགས་ཞུགས་ཀྱི་ཞུ་སྙན་རྣམས་ཡིག་ཐོག་སྦྲགས་བརྒྱུད་དམ།  གློག་འཕྲིན་ e-mail ལག་བརྒྱུད། Fax  བརྒྱུད་བཅས་གང་རུང་ཐོག་འབུལ་དགོས།
      སྤྱི་ལྷན་ཚོགས་དྲུང་ལས་ཁུངས་སུ་ E-mail དང་།  Fax བརྒྱུད་ཞུ་སྙན་འབུལ་གཏོང་གནང་རྒྱུ་ཡིན་ཚེ་དེ་དག་གི་ཞལ་བྱང་དང།  ཨང་གྲངས་གཤམ་གསལ།
      email# [email protected]
      Fax# 01892-224593
    • ༥   ཞལ་པར་ཐོག་དང་བླངས་ཚོགས་ཞུགས་གནང་རྒྱུའི་འབྲེལ་བ་བྱུང་རིགས་ཚོགས་ཞུགས་ཀྱི་རྒྱན་ཁོངས་འཇུག་རྒྱུ་མིན་པ་བཅས་དང།
    • ༦   དང་བླངས་ཚོགས་མིའི་ཁོངས་ཚུད་ཚེ་ཚོགས་བརྡ་འབུལ་རྒྱུས་མཚོན་འབྲེལ་ལམ་ཞུ་བདེའི་ཆེད།  ད་ལམ་ཚོགས་ཞུགས་ཞུ་སྙན་མཉམ་དོ་བདག་སོ་སོར་འབྲེལ་བ་བྱ་ཡུལ་ཞལ་བྱང་དང།  e-mail ཞལ་བྱང།  ཞལ་པར་ཨང་གྲངས་བཅས་ངེས་པར་གཏོང་གནང་དགོས་རྒྱུ་བཅས་ཕེབས་འདུག་པ་དེ་དོན་དགོངས་འཇགས་ཞུ།  ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༧ ཚེས་ ༡༢ ལ།།