ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༡༨ ཉིན་བཙན་བྱོལ་བོད་མིའི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་སུ་སྤྱི་འཐུས་གངས་ལྷ་མོ་མཆོག་གཞུང་འབྲེལ་གྱི་ཆེད་ཕེབས་གནང་བ།

བཙན་བྱོལ་བོད་མིའི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཀྱིས་ཕྱི་ལོ་༢༠༡༤ ཟླ་༨ ཚེས་༡༨ ཉིན། རྡ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་ཞོགས་པ་ཆུ་ཚོད་ ༩།༠༠། ནས་དགུང་དྲོ་ཆུ་ཚོད་༤།༤༠།བར་གསོ་བ་རིག་པའི་སྨན་པ་རབ་འབྱམས་པའི་སློབ་གཉེར་རྩ་འཛིན་སྒྲིག་གཞི་དང་སློབ་ཚན་བཀོད་སྒྲིག་ཅེས་པའི་བརྗོད་གཞི་གཙོ་བོའི་ཐོག་ཚོགས་ཆེན་ཞིག་བསྐོང་འཚོགས་གནང་ཡོད་པ་དང་། ཚོགས་འདུའི་ཐོག་གསོ་བ་རིག་པ་རྒྱ་གར་གཞུང་ཁྲིམས་ནས་ངོས་ལེན་གནང་བའི་རྗེས་གསོ་རིག་སློབ་འཁྲིད་སྒྲིག་གཞི་རྣམས་ CCIM འགྲོས་དང་མཐུན་པར་འགྲོ་ཐུབ་ན་མ་འོངས་དགེ་མཚན་ཆེ་བར་ལྷན་ཚོགས་གཙོས་གསོ་རིག་སློབ་གཉེར་ཁང་ནས་སློབ་ཚན་གཏན་འབེབ་ཀྱི་སྲིད་བྱུས་འཛིན་ཕྱོགས་དང་། CCIM ནས་གཏན་འབེབས་ལག་བསྟར་བྱེད་བཞིན་པའི་སྒྲིག་གཞིའི་དོན་ཚན་ལྟ་ཀློག དེ་བཞིན་ད་ཐེངས་ཚོགས་ཆེན་གྱི་བརྗོད་གཞི་གཙོ་བོ་སྨན་རམས་པའི་རྩ་འཛིན་སྒྲིག་གཞི་རགས་ཟིན་གྱི་དོན་ཚན་༡། ༢། ༣། ༤། ༥། ༦། ༧། ༨། ༩། ༡༠། ༡༡། ༡༢།  བཅས་ཐོག་བསྐྱར་ཞིབ། རྒྱ་གར་དབུས་སྨན་གྱི་ལྷན་ཚོགས་ནང་གསོ་བ་རིག་པའི་ཚོགས་མི་བསྐོ་འདེམ་དང་དེ་བཞིན་གསོ་རིག་སྨན་པའི་སློབ་ཚན་བཀོད་སྒྲིག་དང་སྨན་པ་དེབ་སྐྱེལ་བཅས་ཡུལ་ཁྲིམས་དང་མཐུན་པར་འགྲོ་བསྐྱོད་དགོས་ཐད་བགྲོ་གླེང་བྱས་ཡོད་པ་རེད།

unnamed
ད་ཐེངས་ཀྱི་ཚོགས་འདུའི་ཐོག་སྨན་རྩིས་ཁང་གི་མཛད་གཙོ་རྣམས་གཙོས་སྨན་པའི་ལྷན་ཚོགས་ཀྱི་ཚོགས་མི་བཅས་ཁྱོན་མི་གྲངས་བཅུ་གཉིས་ཙམ་ཞུགས་ཡོད་པ་རེད། ཚོགས་འདུའི་མཇུག་སྡོམ་སྐབས་སྨན་རྩིས་ཁང་གི་འགན་འཛིན་མཆོག་ནས་ཀྱང་གསུང་བཤད་གནང་ཡོད་པ་རེད།

ད་ཐེངས་ཀྱི་ཚོགས་འདུའི་ཐོག་ལྷན་ཚོགས་ཀྱི་ཡིག་ཚང་གི་ཞུ་དོན་ལྟར་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་རིས་མོས་བཞིན་སྤྱི་འཐུས་གངས་ལྷ་མོ་མཆོག་ནས་ཉིན་དེའི་དགོང་དྲོ་ཆུ་ཚོད་༤ ། ཐོག་སྤྱི་འཐུས་རྒྱུན་ལས་ཀྱི་ཚབ་ཞུས་ཏེ་བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་སྤེལ་གསུམ་ཐད་དེ་སྔོན་རྒན་རབས་རྣམས་ཀྱིས་ཐུགས་འཁུར་ཆེ་བཞེས་གནང་བའི་སྐོར་དང་། བོད་མི་རིགས་འདིའི་ཆོས་དང་གསོ་རིག་གཉིས་ནི་གཞན་ལ་སྨོན་མི་དགོས་པའི་རིག་གཞུང་གལ་ཆེན་ཡིན་ཞིང་། ད་བར་རྒན་རབས་ཚོས་ཧུར་བརྩོན་གྱིས་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་གནང་བར་རྗེས་སུ་ཡིད་རང་བསྔགས་བརྗོད་དང་། མ་འོངས་པར་བོད་མི་རིགས་ཀྱི་རིག་གཞུང་གལ་ཆེན་འདི་དག་རྒྱུན་འཛིན་དར་སྤེལ་གཏོང་བར་དོ་ནན་ཡིག་གཟབ་དགོས་ཚུལ་དང་། གཞུང་འཛིན་སྟངས་འཛིན་འོག་ཚུལ་མཐུན་དགོས་པ།

དེ་བཞིན་ད་ཐེངས་ཀྱི་སྨན་རམས་པའི་རྩ་འཛིན་སྒྲིག་གཞི་དང་སློབ་ཚན་བཀོད་སྒྲིག་གི་དམིགས་བསལ་ཚོགས་འདུ་འདིའི་དགོངས་དོན་གཙོ་བོར་གཞིགས་ཐོག མ་འོངས་པར་སྨན་པའི་དཀའ་བཅུ་པ་དང་སྨན་རམས་པའི་ཕྱག་འཁྱེར་དང་སློབ་ཐོན་མཚོན་རྟགས་སྐོར་ཡང་གཞན་གྱིས་ཆ་འཇོག་དང་གཞི་འཛིན་སའི་དན་རྟགས་ལྟ་བུ་ཆགས་ཐུབ་པ་ཞིག་བཟོ་གལ་ཆེ་ཞིང་། མདོར་ན་བོད་ཀྱི་སྨན་རྩིས་ཁང་དང་སྨན་པའི་ལྷན་ཚོགས་བཅས་ནས་བོད་ཀྱི་སྨན་རྩིས་དང་གསོ་བ་རིག་པ་འདི་གོང་འཕེལ་གཏོང་རྒྱུ་ཧ་ཅང་གལ་ཆེ་ཡིན་སོགས་ཀྱི་བཀའ་སློབ་ལམ་སྟོན་སྐར་མ་བཅུ་ཙམ་རིང་གནང་ཡོད་པ་རེད།