ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢༠ ཉིན་ཀུམ་རའོ་སྒ་པ་བོད་མིའི་གཞིས་ཆགས་སུ་རྒྱ་གར་ཡུལ་མིར་བོད་དོན་གོ་རྟོགས་ཀྱི་ལས་འགུལ་རྒྱ་ཆེ་ཞིག་སྤེལ་བ།

དབུས་བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་གཞུང་དང་ཡུལ་མིར་བོད་དོན་གོ་རྟོགས་སྤེལ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེའི་སྐོར་བཀའ་སློབ་རབ་དང་རིམ་པ་ཕེབས་བཞིན་ཡོད་པ་ལྟར།         ཀུམ་རའོ་སྒ་པ་བོད་མིའི་གཞིས་ཆགས་ལས་ཁུངས་ནས་ ༢༠༡༣ ཟླ་ ༤ ཚེས་ ༢༠ ཉིན་རྒྱ་གར་ཡུལ་མིར་བོད་དོན་གོ་རྟོགས་ཀྱི་ལས་འགུལ་ཞིག་སྤེལ་རྒྱུའི་ལས་འཆར་ལྟར་ཉེ་འགྲམ་རྒྱ་གར་གྲོང་གསེབ་ཁག་བདུན་ཙམ་གྱི་གནད་ཡོད་མི་སྣ་གྲངས་ ༣༥ ཙམ་མགྲོན་འབོད་གནང་བ་དང་དེའི་ཉིན་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་བྷལ་རྡེབ་སིང་ཏོ་མཱར་མཆོག་༼Shri. Baldev Singh Tomar ༽སྐུ་མགྲོན་གཙོ་བོ་དང་། སིར་མུར་རྫོང་གི་འཕགས་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་སྐུ་ཞབས་གྷི་ཏཱ་རམ་ཋ་ཀུར་མཆོག་༼Shri. Geeta Ram Thakur༽ དང་བོད་མི་མང་སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་བཅས་གདན་ཞུ་གནང་འདུག

མཛད་སྒོ་དངོས་གཞིའི་་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་ནས་མར་མེ་ཞལ་འབྱེད་གནང་རྗེས་ྋགོང་ས་མཆོག་དང་གྷན་རྡིའི་སྐུ་པར་ལ་མཇལ་དར་ཕུལ་རྗེས་ཚང་མ་སྐུ་བཞེངས་ཀྱིས་བོད་ནང་བསྟན་སྲིད་དང་མི་རིགས་ཆེད་ལུས་སྲོག་འདོར་མཁན་རྣམས་ལ་གུས་བཏུད་ཆེད་མྱ་ངན་སྐར་མ་གཅིག་ཞུས། དེའི་རྗེས་ས་གནས་འགོ་འཛིན་དངོས་གྲུབ་འོད་ཟེར་ལགས་ནས་འཚམས་ཞུ་དང་ངོ་སྤྲོད་གནང་བ་དང་།  རིམ་བཞིན་འཕགས་བོད་མཛའ་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་གྷི་ཏ་རམ་ཋ་ཀུར་མཆོག་དང།  བཀུར་འོས་བོད་མི་མང་སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག སྐུ་མགྲོན་གཙོ་བོ་མཆོག་བཅས་ནས་བོད་དོན་དང་འབྲེལ་བའི་གསུང་བཤད་དང་། རྒྱ་གར་ཡུལ་མི་རྣམས་ནས་བསམ་ཚུལ་བསྡུ་ལེན་ཞུས། མཐར་ས་འཐུས་ཚོགས་གཙོ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང༌བ་དང་། རྒྱ་གར་ཡུལ་མིར་བོད་དོན་དང་འབྲེལ་བའི་ཕྱག་དེབ་འགྲེམས་སྤེལ་གནང་ནས་གསོལ་ཇ་ཞལ་ཏོག་དང་དཀར་སྐྱོང་གསོལ་ཚིགས་སྟབས་བདེ་ཞིག་འདེགས་འབུལ་ཞུས་པ་དང་།  ལས་འགུལ་འདི་དང་འབྲེལ་བའི་གནད་དོན་ཁག་ནོར་ཝེ་རླུང་འཕྲིན་ཁང་དང་ཨེ་ཤི་ཡ་རང་དབང་རླུངས་འཕྲིན་ཁང་བཅས་ལ་ལས་འགུལ་གྲུབ་མཚམས་དུས་ཐོག་གསལ་བསྒྲགས་ཐུབ་པ་མ་ཟད་སྤོན་ཊར་རྒྱ་གར་གསར་ཤོག་ཁག་ལྔ་ལ་དྲིལ་བསྒྲགས་གནང་ཐུབ་པ་བྱུང་འདུག་པ་བཅས་ལས་བསྡོམས་རྒྱས་པ་ཀུམ་རའོ་ས་གནས་འགོ་འཛིན་ལས་ཁང་ནས་སྤྱི་འཐུས་ལྷན་ཁང་དུ་འབུལ་ལམ་ཞུས་ཡོད་གནས་སུ།