ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་ཐེངས་ ༥༢ པའི་ཐོག་བཀའ་ཤག་གི་གཏམ་བཤད།

༄༅།། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༠ འདི་ནི་བོད་མི་རྣམས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སར་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དབང་འཛིན་པར་ཞི་བའི་ངོ་རྒོལ་བྱས་ནས་ལོ་ ༥༢ འཁོར་བ་དང༌། ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་སླར་ཡང་ཞི་བའི་གྱེན་ལངས་བྱུང་ནས་ལོ་ངོ་ ༣ འཁོར་བའི་དུས་ཚིགས་ཁྱད་པར་ཅན་ཞིག་ཡིན་པས་ད་ཕན་བོད་མི་རིགས་དང་བསྟན་སྲིད་ཀྱི་དོན་དུ་ལུས་སྲོག་བཏང་བའི་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་གུས་འདུད་དང༌། ད་ལྟའང་མནར་གཅོད་མྱོང་བཞིན་པ་རྣམས་དང༌། ལྷག་པར་ཉེ་བའི་ཆར་དོན་མེད་དོ་དམ་འོག་ཚུད་པའི་རྩོམ་པ་པོ་དང་སྙན་ངག་མཁན། འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་སྲུང་སྐྱོབ་པ། སྒྱུ་རྩལ་བ་སོགས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་སེམས་གསོ་དང༌། འཚམས་འདྲི། ཁོང་ཚོའི་སྙིང་སྟོབས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན།
ཕྱི་ལོ་ ༢༠༠༢ ནས་བཟུང་ཕྱི་ལོ་ ༢༠༡༠ བར་འདས་ལོ་དགུའི་རིང་བཀའ་ཤག་སྐབས་བཅུ་གཉིས་པ་དང་སྐབས་བཅུ་གསུམ་པའི་ལས་རྒྱུན་རིང་གསུམ་བཅུའི་དུས་དྲན་འདི་བཀའ་ཤག་གིས་བོད་གཞིས་བྱེས་མང་ཚོགས་ལ་ཆབ་སྲིད་དང་འཛིན་སྐྱོང་སྐོར་ཡོངས་ཁྱབ་གསལ་བསྒྲགས་བྱ་རྒྱུའི་གོ་སྐབས་གལ་ཆེ་ཞིག་ཏུ་བརྩིས་ཏེ་བོད་མི་རིགས་ཀྱི་དཀའ་རྙོག་དང་དེའི་རྒྱུ་རྐྱེན། བོད་མིའི་སྟོབས་ཤུགས་དང་ཞན་ཆ། གོ་སྐབས་དང་ཉེན་ཁ། གྲུབ་འབྲས་ཐོན་པ་དང་མ་ཐོན་པ། རྒྱལ་སྤྱིའི་གནས་བབ་དང་བོད་རྒྱའི་འབྲེལ་བ་སོགས་གལ་ཆེའི་གནད་དོན་ཚང་མའི་བྱུང་རིམ་དང༌།  ལྟ་གྲུབ། བྱེད་ཕྱོགས། འབྱུང་འགྱུར་བྱེད་འཆར་སོགས་ཀྱི་སྐོར་སྦས་གསང་མེད་པར་ཞིབ་གསལ་འགྲེལ་བརྗོད་ཞུས་པ་སྤྱི་དང༌། ཁྱད་པར་ཕྱི་ལོ་ ༢༠༠༩ ལོར་བཙན་བྱོལ་དུ་ལོ་ ༥༠ འཁོར་བའི་རྗེས་དྲན་སྲུང་རྩིའི་སྐབས་དང་བསྟུན་གཞིས་བྱེས་བོད་མིའི་རླབས་ཆེན་གྱི་གྲུབ་འབྲས་ཁག་དང༌། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བླ་ན་མེད་པའི་འཕྲིན་ལས་འཇིག་རྟེན་ཁྱོན་ཡོངས་སུ་ཁྱབ་པའི་ཚུལ་རྣམས་ལ་བཀྲིན་རྗེས་དྲན་སོགས་གནས་ཚུལ་ཞིབ་རྒྱས་ཞུས་ཡོད་པ་དེ་དག་མང་ཚོགས་ཀྱི་དགོངས་པར་མངའ་གསལ་ལ་བསྐྱར་ཟློས་མ་དགོས་ཀྱང་ཐུགས་དྲན་གསོས་སླད་མགོ་སྨོས་ཙམ་དང༌། ད་རེས་ཀྱི་གཏམ་བཤད་འདི་ད་ལྟའི་བཀའ་ཤག་གི་གསུམ་དུས་གཏམ་བཤད་མཐའ་མ་དེ་ཡིན་པས་རྒྱས་སྤྲོས་མ་དགོས་པར་མང་ཚོགས་ལ་ཐུགས་རྗེ་ཆེ་ཞུའི་གོ་སྐབས་གཙོ་བཟུང་གིས་གལ་ཆེའི་དོན་གནད་རེ་ཟུང་མདོར་བསྡུས་ཙམ་ཞུ་རྒྱུ་ཡིན།
ཕྱི་ལོ་ ༢༠༠༩ གསུམ་བཅུའི་གཏམ་བཤད་དུ་ཞུས་ཟིན་པ་ལྟར་འདས་ལོ་ལྔ་བཅུ་བརྒལ་བའི་རིང་བོད་ཀྱི་ནང་མིང་འདོགས་འདྲ་མིན་སྣ་ཚོགས་འོག་མདོ་དོན་བོད་མི་རིགས་དང་ལེགས་བྱང་གཉིས་ཀ་སྡེབ་གསོད་ཀྱི་ལས་འཆར་ལག་ལེན་བསྟར་ཏེ་བོད་ཆགས་འཇིག་གི་སོ་མཚམས་སུ་གྱར་བ་དེ་ལྟར་ཡང༌། ཕྱོགས་གཞན་ནས་བོད་རིགས་ཆིག་བསྒྲིལ་གྱི་གོང་བུའི་ནུས་པ་མ་ཉམས་ཤིང༌། རིག་གཞུང་རྒྱུན་འཛིན་དང༌། བདེན་པའི་འཐབ་རྩོད་མི་རབས་ནས་མི་རབས་བརྒྱུད་དེ་ད་ལྟའི་བར་གནས་ཐུབ་པ་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ངོ་མཚར་རྨད་དུ་བྱུང་བའི་འཕྲིན་ལས་འཇིག་རྟེན་ཁྱོན་ཡོངས་ལ་ཁྱབ་སྟེ་བོད་བརྒྱུད་ནང་ཆོས་གཙོ་བོར་གྱུར་པའི་བོད་ཀྱི་རིག་གནས་དང་ལེགས་བྱང་ལ་ངོས་འཛིན་དང་དོ་སྣང་གསར་པ་ཞིག་ཐོབ་སྟེ་གོ་ལའི་ཤར་ནུབ་ཀྱི་རྒྱལ་ཁམས་ཡོངས་སུ་བོད་དོན་རྒྱབ་སྐྱོར་བ་དང༌། བོད་བརྒྱུད་ཆོས་དང་རིག་གནས་ཀྱི་རྗེས་འཇུག་དོན་གཉེར་བ་གྲངས་ལས་འདས་པ་ཞིག་བྱུང་བ་མ་ཟད། རྒྱལ་སྤྱིའི་ནང་བོད་ཀྱི་བཀའ་འགྱུར་དང་བསྟན་འགྱུར་ནུབ་ཕྱོགས་པའི་སྐད་ཡིག་ཁག་ཏུ་ཕབ་བསྒྱུར་བྱེད་རྒྱུའི་འཆར་གཞི་ལྡན་པའི་ལས་རིམ་བསམ་ཞིབ་གོ་བསྡུར་བྱེད་བཞིན་པ་དང༌། དེང་རབས་ཚན་རིག་དང་བོད་བརྒྱུད་ནང་བསྟན་དབར་འབྲེལ་མཐུད་བགྲོ་གླེང་གི་བྱུང་རབས་གསར་པའི་འཕེལ་རིམ་གྱི་མགྱོགས་ཚད་མྱུར་བ་སོགས་བློ་སྤོབས་བྱ་འོས་པའི་བཟང་ཕྱོགས་ཀྱི་གནས་ཚུལ་ཡང་ཚད་ལས་བརྒལ་བ་ཞིག་བྱུང་ཡོད་པ་འདི་དག་ལ་གཞིགས་ན་ཆབ་སྲིད་ཀྱི་གནས་སྟངས་ལེགས་ཉེས་ཇི་ལྟར་ཡང༌། བོད་ཀྱི་ཆོས་དང་རིག་གཞུང་ལེགས་བྱང་བཅས་པའི་འབྱུང་འགྱུར་གྱི་མདུན་ལམ་རླབས་ཆེན་ཞིག་བསྐྲུན་ཏེ། ལོ་བརྒྱ་ཕྲག་འགའ་ཤས་ཀྱི་རྗེས་བྱུང་རབས་ལ་ཕྱི་བལྟས་སློག་སྐབས་ད་ལྟའི་དུས་རབས་འདི་རྒྱལ་སྤྱིའི་ནང་བོད་ཀྱི་རིག་གནས་རྒྱ་བསྐྱེད་ཀྱི་དུས་རབས་ཤིག་ཏུ་ངོས་འཛིན་བྱེད་སྲིད།
དེ་བཞིན་བོད་མིའི་བདེན་དོན་གྱི་ལས་འགུལ་འཚེ་མེད་ཞི་བའི་ལམ་དང༌། ཆབ་སྲིད་ཀྱི་རང་བཞིན་ཡང་དག་པའི་མང་གཙོའི་རིང་ལུགས་སུ་བསྒྱུར་གནང་མཛད་པ་འདི་གཉིས་ནི་བོད་མི་རིགས་ཀྱི་གཟི་བརྗིད་དང་སྟོབས་ཤུགས་ཡིན་པ་དང༌། དེ་ལ་བརྟེན་ནས་འཇིག་རྟེན་ཡོངས་སུ་བོད་ཀྱི་གནད་དོན་གསོན་གནས་ཐུབ་པ་མ་ཟད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཀྱང་སྣང་མེད་དུ་འཇོག་མི་ཐུབ་པའི་རྐྱེན་རྩ་ཞིག་ཏུ་གྱུར་ཡོད། དེ་འདྲའི་ངོ་མཚར་རྨད་བྱུང་གི་གནས་ཚུལ་འདི་དག་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་རླབས་ཆེན་གྱི་འཕྲིན་ལས་ཉག་གཅིག་ལས་བྱུང་བ་ཡིན་པས་སྙིང་ནས་བཀྲིན་རྗེས་དྲན་ཞུ་རྒྱུ་ཡིན།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་དབང་བསྒྱུར་བྱས་པ་ནས་བཟུང་བོད་རིགས་ཡོངས་ལ་བདེ་བའི་གོ་སྐབས་སྐད་ཅིག་ཀྱང་མ་བྱུང་བར་ཆོས་དང་རིག་གཞུང༌། རང་བྱུང་འཐོན་ཁུངས། མི་རིགས་ཀྱི་ངོ་བོ་དང་བཅས་པ་རྩ་བརླག་གཏོང་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་ཁར། ཕྱི་ལོ་ ༢༠༠༨ ནས་བཟུང་དྲག་གནོན་དམ་བསྒྲགས་ཆེ་རུ་སོང་སྟེ་བོད་རིགས་ཡོངས་རྫོགས་རྒྱུན་དུ་འཇིགས་སྐྲག་དོགས་ཟོན་ཁོ་ནའི་འོག་གནས་དགོས་བྱུང་བ་མ་ཟད། བར་སྐབས་ཤེས་ཡོན་ཅན་དང༌། རྩོམ་པ་པོ། སྒྱུ་རྩལ་བ། ཁོར་ཡུག་སྲུང་སྐྱོབ་པ་སོགས་ལ་ཆེད་དམིགས་ཀྱི་ཉེས་མེད་ཉེས་འཛུགས་བཙོན་འཇུག་ཁྲིམས་ཆད་གཏོང་སྟངས་འདིས་བོད་ཀྱི་རིག་གཞུང་དང་ལེགས་བྱང་རྩ་མེད་བཟོ་རྒྱུའི་དམིགས་ཡུལ་ངེས་ཅན་ཡོད་པའི་དངོས་རྭ་འཕྲོད་ཡོད། དེ་བཞིན་བོད་མིའི་ངོས་འཛིན་དང་རིག་གནས་ཀྱི་རྟེན་གཞི་བོད་ཀྱི་སྐད་ཡིག་ཀྱང་སློབ་གྲྭ་ཁག་གི་སློབ་སྟོན་གྱི་བརྒྱུད་ལམ་མིན་པ་བཟོ་རྒྱུའང་ལས་འཆར་དེའི་ཆ་ཤས་ངེས་ཅན་ཞིག་ཡིན་པ་སྨོས་མ་དགོས། གནས་བབ་འདི་འདྲའི་འོག་གཅེས་པའི་ལུས་སྲོག་ལའང་འཛེམས་ཟོན་མེད་པར་བོད་ཀྱི་རིག་གནས་དང་སྐད་ཡིག་འཛིན་སྐྱོང་སྤེལ་བའི་ལས་དོན་ལ་ཧུར་བརྩོན་གནང་མཁན་གྱི་གཞིས་བཞུགས་བོད་རིགས་རྣམས་ནི་དམིགས་བསལ་བཀྲིན་རྗེས་དྲན་ཞུ་འོས་ཤིག་ཡིན་པས་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན།
བོད་རྒྱ་མི་རིགས་གཉིས་ནི་རྣམ་ཀུན་ས་བབས་ཀྱིས་ཁྱིམ་མཚེས་སུ་གནས་ཤིང༌། ཆོས་སྲིད་སྤྱི་ཚོགས་དཔལ་འབྱོར་བཅས་པའི་འབྲེལ་ལམ་དམ་ཟབ་ཡོད་པའི་མི་རིགས་གཉིས་ཡིན་པས། རྒྱ་དམར་དབང་འཛིན་པའི་བྱེད་སྤྱོད་དབང་གིས་མི་རིགས་གཉིས་དབར་འཁོན་འཛིན་དང༌། དམ་ཚིག་སེལ་ཞུགས་བྱུང་ན་ཧ་ཅང་མ་འོས་གཤིས། ཕྱི་སྡོད་བོད་རྒྱའི་མི་རིགས་དབར་འབྲེལ་ལམ་གང་ཟབ་ཞུས་དང་ཞུ་བཞིན་པ་ལྟར་གཞིས་བཞུགས་བོད་རིགས་རྣམས་ནས་ཀྱང་དེ་མཚུངས་རྒྱ་རིགས་གཙོར་གྱུར་མི་རིགས་གཞན་མཉམ་མཛའ་མཐུན་མཉམ་གནས་ཡོང་ཐབས་དང༌། ལྷག་པར་ཕན་ཚུན་འཚེ་བའི་བྱ་བ་གཏན་ནས་མི་ཡོང་བའི་ཐུགས་གཟབ་གནང་སྐྱོང་ཡོང་བའི་རེ་བསྐུལ་ཞུ་རྒྱུ་ཡིན།
ཉེ་བའི་ཆར་བྱང་ཨ་ཕ་རི་ཀ་དང༌། དབུས་ཨེ་ཤཱ་ཡའི་ཡུལ་གྲུ་མང་པོར་ཞི་བའི་མང་ཚོགས་ཀྱིས་འཚེ་བ་མེད་པའི་ཐབས་ལམ་ལ་བརྟེན་ཏེ་རང་དབང་མང་གཙོའི་ལམ་སྲོལ་དུ་བསྐྱོད་བཞིན་པ་འདི་དག་དགའ་སྤོབས་སྐྱེ་གཞི་དང༌། དེ་འདྲའི་ལས་འགུལ་དུ་ཞུགས་མཁན་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་ལས་འགུལ་དེ་དག་འཚེ་བ་མེད་པའི་ངོ་བོར་གནས་པ་དེ་སྲིད་དུ་ཆིག་བསྒྲིལ་དང་རྒྱབ་སྐྱོར་ཡོད། བྱུང་རིམ་འདི་དག་གིས་བཙན་དབང་དང་གཅིག་སྡུད་ལམ་སྲོལ་གང་དུ་ཡོད་ཀྱང་རྒྱུན་གནས་མི་ཐུབ་པའི་དངོས་དོན་གསལ་སྟོན་བྱས་ཡོད།
ད་ལྟའི་གནས་སྐབས་འདིར་གཞིས་བྱེས་བོད་མི་ཡོངས་ལ་བློ་འཚབ་ཆེ་ཤོས་ཡོང་གཞི་གཅིག་ནི་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་མཛད་འགན་རྣམས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ལ་ཆ་ཚང་རྩིས་སྤྲོད་གནང་སྟེ་ྋགོང་ས་མཆོག་ཆབ་སྲིད་དང་འཛིན་སྐྱོང་གི་དབུ་ཁྲིད་གནང་མ་དགོས་པ་གནང་རྒྱུའི་དགོངས་ཚུལ་ཕེབས་པ་འདི་ཡིན་ཞིང༌། བར་སྐབས་བཙན་བྱོལ་བོད་མིའི་གཞིས་སྒར་ཁག་དང་སྒྲིག་འཛུགས་ཁག ཆོས་སྡེ་ཁག མི་སྒེར་སོགས་དང༌། ཁྱད་པར་གཞིས་བཞུགས་བོད་མི་སྤྱི་སྒེར་ཧ་ཅང་མང་པོས་ཡིག་ངག་ཅི་རིགས་ཀྱི་ལམ་ནས་ྋགོང་ས་མཆོག་ལ་དེ་འདྲའི་དགོངས་བཞེས་མི་མཛད་པར་བོད་མིའི་ཆབ་སྲིད་དང་འཛིན་སྐྱོང་གི་དབུ་ཁྲིད་སྔར་བཞིན་མུ་མཐུད་གནང་སྐྱོང་ཡོང་བའི་གསོལ་འདེབས་ནན་ཏན་ཞུས་དང་ཞུ་བཞིན་པ་ལྟར། གུས་འབངས་བཀའ་ཤག་ཐུང་མོང་ནས་ཀྱང་བསྐྱར་དུ་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་ཡིན། གདུལ་དཀའི་གངས་ལྗོངས་བོད་ཀྱི་སྐྱེ་འགྲོ་རྣམས་འཕགས་མཆོག་འཇིག་རྟེན་མགོན་པོས་གདུལ་ཞིང་དུ་བདག་གིར་བཟུང་སྟེ་ཇི་སྲིད་འཁོར་བ་མ་སྟོང་བར་ཆོས་སྲིད་ཀྱི་རྗེས་འཛིན་འདོར་བ་མེད་པའི་ཐུགས་དམ་ཇི་ལྟར་མཛད་པ་བཞིན་བདག་ཅག་ཉམ་ཐག་པའི་སྐྱེ་འགྲོ་རྣམས་སྔར་བཞིན་རྗེས་འཛིན་ཡོང་བའི་རེ་བ་ཆེན་པོ་ཡོད་ཅིང༌། རེ་དོན་ཡིད་བསམ་བཞིན་འགྲུབ་ཆེད་གཞིས་བྱེས་མང་ཚོགས་ལའང་བོད་མིའི་སྤྱི་མཐུན་གྱི་བསོད་ནམས་གོང་མཐོར་སྤེལ་བའི་ཐབས་ལ་འབད་འབུངས་སྔར་ལྷག་དགོས་པའི་རེ་སྐུལ་ནན་པོ་ཞུ་རྒྱུ་ཡིན།
ྋགོང་ས་མཆོག་གི་དགོངས་བཞེད་འདི་དག་དངོས་སུ་ཉམས་ལེན་ཞུ་ཆེད་རིང་མིན་སྤྱི་འཐུས་གྲོས་ཚོགས་ལ་གསུང་འཕྲིན་ཕེབས་རྒྱུར་བརྟེན། འབྱུང་འགྱུར་གནས་སྟངས་ཇི་ཆགས་གཙོ་ཆེར་ཁྲིམས་བཟོ་ལྷན་ཚོགས་ཀྱིས་འཕྲུལ་མཛངས་རྣམ་དཔྱོད་ཀྱི་ལམ་ནས་ཁྲིམས་ཀྱི་ཁ་ལོ་སྒྱུར་ཕྱོགས་ལ་རག་ལུས་གཤིས། བཀུར་འོས་སྤྱི་འཐུས་རྣམ་པས་གནད་དོན་འདི་ཆེས་གལ་ཆེའི་རང་བཞིན་དུ་བརྩིས་ཏེ་དགོངས་དཔྱད་གཏིང་ཟབ་ཀྱི་སྒོ་ནས་ལམ་ཕྱོགས་མ་ནོར་བ་ཞིག་བསྟན་གནང་ཡོང་བའི་སྐུལ་ལྕག་ཞུ་རྒྱུ་ཡིན།
འདས་པའི་ལོ་ངོ་བཅུ་ལ་ཉེ་བའི་རིང་སྐབས་བཅུ་གཉིས་པ་དང་བཅུ་གསུམ་པའི་བཀའ་ཤག་ལས་དུས་གཉིས་ཀྱི་དུས་ཡུན་རིང་དམིགས་བསལ་འབུར་ཐོན་གྱི་གྲུབ་འབྲས་གང་ཡང་མ་བྱུང་རུང༌། འཐུས་ཤོར་དང༌། ལབ་གླེང་ཆེ་རིགས་མེད་ཙམ་དུ་ལས་དུས་གཙང་ཐུབ་པ་བྱུང་བ་འདི་ནི་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་རྗེས་བརྩེའི་ལམ་སྟོན་དང༌། གཞི་རིམ་མང་ཚོགས་ཀྱི་མཐུན་འགྱུར་རྒྱབ་སྐྱོར། ལས་བྱེད་པས་ཁུར་འགན་རྐང་ལེན་བྱས་པ་བཅས་ལས་བྱུང་བ་ཡིན་སྟབས། ང་དང༌། ངའི་ཕྱག་སྦྲེལ་བཀའ་བློན་ཚང་མས་ྋགོང་ས་ྋསྐྱབས་མགོན་ཆེན་པོར་གུས་ཕྱག་སྔོན་དུ་འགྲོ་བས་ཐུགས་རྗེ་དང་བཀའ་དྲིན་བླ་མེད་དུ་ཆེ་ཞེས་གསོལ་བ་དང་ཆབས་ཅིག  གུས་འབངས་རྣམས་ཀྱི་ལས་རྒྱུན་རིང་ཐུགས་དགོངས་ཇི་བཞིན་མ་འགྲུབ་པ་དང༌། དབྱིངས་འགལ་འགྱུར་གཞིའི་རིགས་ཅི་མཆིས་འགྱོད་གདུང་དྲག་པོས་བཟོད་གསོལ་དང༌། དེང་ནས་བྱང་ཆུབ་སྙིང་པོའི་བར་འབྲལ་མེད་མཉེས་བཞིན་རྗེས་སུ་གཟུང་བའི་གསོལ་འདེབས་ཕུར་ཚུགས་སུ་ཞུ་རྒྱུ་དང༌།  གཞིས་བྱེས་བོད་མི་ཡོངས་ལའང་ཐུགས་བརྩེ་དང༌། རྒྱབ་སྐྱོར། མཐུན་འགྱུར་རྒྱུན་འཁྱོངས་གནང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་མཐུན་རྐྱེན་དང་ཕོགས་ཐོབ་སོགས་ཕུན་སུམ་ཚོགས་པ་མེད་ཀྱང༌། སྤྱི་དོན་ལ་ལྷག་བསམ་ཁོ་ནས་བཙན་བྱོལ་སྒྲིག་འཛུགས་སུ་སྲི་ཞུ་བའི་ཁུར་འགན་རྒྱུན་བཞེས་གནང་མཁན་རྣམས་ལའང་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
འཇིག་རྟེན་ཁྱོན་ཡོངས་སུ་གནས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང༌། ཆབ་སྲིད་ཀྱི་དབུ་ཁྲིད་རྣམ་པ། གྲོས་ཚོགས་འཐུས་མི་སོགས་བོད་མིའི་དྲང་བདེན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མཁན་རྣམས་དང༌། ལྷག་པར་རྒྱ་གར་འཕགས་པའི་ཡུལ་གྱི་མང་ཚོགས། དབུས་དང་མངའ་སྡེའི་གཞུང་འཛིན་སྣེ་མོ་བ་བཅས་ནས་འདས་ལོ་ལྔ་བཅུ་བརྒལ་བའི་རིང་བཙན་བྱོལ་བོད་མིའི་བདེ་དོན་དང༌། བོད་ཀྱི་ཆོས་དང་རིག་གཞུང་ལེགས་བྱང་གི་སྲུང་སྐྱོབ་དང་དར་སྤེལ། བོད་མིའི་མངོན་འདོད་སྒྲུབ་ཐབས་བཅས་ལ་གཡོ་བ་མེད་པའི་མཐུན་འགྱུར་རྒྱབ་སྐྱོར་གནང་བ་ལ་ད་རིང་གོ་སྐབས་འདི་བཟུང་སྟེ་བཀའ་དྲིན་རྗེས་དྲན་གྱིས་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
མཐའ་དོན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བརྟན་ཅིང༌། ཐུགས་བཞེད་འགྲུབ་པ་དང༌། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་བཅས་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ ༢༠༡༡ ཟླ་ ༣ ཚེས་ ༡༠ ལ། །། ཇཡཇགཏ྄།།