ཕ་རན་སི་གྲོས་ཚོགས་གོང་མའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༢༡ ཉིན་སྔ་དྲོ་ཆུ་ཚོད་ ༡༠།༤༠ ཐོག་ཕ་རན་སི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཇེ་ཁེ་ལེན་ ཨུ་ས་ཊ་ཆི་ བྷི་རི་ནའོ་ (Jacqueline Eustache-Brinio) མཆོག་གིས་སྣེ་ཁྲིད་འོག ཕ་རན་སི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཨེལ་སི་ ཇོ་སེབ་ (Senator Else Joseph) མཆོག་དང་། ཕ་རན་སི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨུ་ལི་ཝིར་ རིཊ་མན་ (Senator Olivier Rietmann) མཆོག ལས་བྱེད་སྐུ་ཞབས་ཐེ་རེ་མུ ་ནིར་ (Thierry Munier) ལགས་བཅས་ལས་གྲུབ་པའི་ཕ་རན་སི་གྲོས་ཚོགས་གོང་མའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་ཕེབས་གནང་ཡོད།

སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་རྣམ་པས་སྣེ་ལེན་ཞུས་རྗེས། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་དང་སྦྲགས། དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་ལས་དོན་གནང་ཕྱོགས་སོགས་ཀྱི་ཐོག་འགྲེལ་བརྗོད་སྙིང་བསྡུས་གནང་སོང་།

དེ་རྗེས། སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་སྐུ་མགྲོན་རྣམ་པ་དང་། དཔལ་ལྡན་ཚོགས་གཙོ་སྦྲེལ་པོས་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ་ལྷན་འཛོམས་ཐོག དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་ཕ་རན་སི་གྲོས་ཚོགས་གོང་མའི་སྐུ་ཚབ་ཚོགས་ཆུང་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་དགའ་བསུའི་འཚམས་འདྲི་དང་སྦྲགས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། ཕ་རན་སི་མི་མང་དབར་དུས་ཡུན་རིང་པོར་དམིགས་བསལ་གྱི་འབྲེལ་བ་ཡོད་པའི་ཐོག་ནས་བོད་དང་། ཕ་རན་སི་རྒྱལ་ཁབ་དབར་འབྲེལ་བ་དམ་ཟབ་བྱུང་ཡོད་པའི་སྐོར་དང་། ད་རེས་ཕ་རན་སི་གྲོས་ཚོགས་གོང་མའི་འཐུས་མི་རྣམ་པ་དང་། བོད་མི་མང་སྤྱི་འཐུས་རྣམ་པའི་དབར་ལྷན་འཛོམས་བྱུང་བ་དེ་བཞིན་གྲོས་ཚོགས་གཉིས་ཀྱི་འབྲེལ་བའི་ཐོག་ནས་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཆགས་ཀྱི་ཡོད་སྐོར།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག བཙན་བྱོལ་ནང་བོད་མིའི་སྒྲིག་འཛུགས་ནས་བོད་ཀྱི་ཆོས་དང་། རིག་གཞུང་སྲུང་སྐྱོབ་ཐོག་གྲུབ་འབྲས་ལྡན་པའི་ཕྱག་ལས་གནང་ཡོད་པ་སོགས་གསུངས་པ་དང་། དེ་བཞིན་ཕ་རན་སི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཇེ་ཁེ་ལེན་ ཨུ་ས་ཊ་ཆི་ བྷི་རི་ནའོ་མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་ཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་མཉམ་ཞུགས་གནང་བ་དང་། དེ་བཞིན་གྲོས་ཚོགས་འཐུས་མི་རྣམ་པས་བོད་དོན་ཐོག་རྒྱབ་སྐྱོར་གནང་བ་བཅས་ལ་ཐུགས་རྗེ་ཆེ་ཞུས་གནང་སོང་།

དཔལ་ལྡན་ཚོགས་གཞོན་མཆོག་གིས་ད་རེས་ཕ་རན་སི་གྲོས་ཚོགས་གོང་མའི་སྐུ་ཚབ་ཚོགས་ཆུང་བཞུགས་སྒར་རྡ་ས་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་སུ་ཕེབས་པ་དེས་བོད་དོན་ཐོག་གདུང་སེམས་མཉམ་སྐྱེད་ཞུ་གི་ཡོད་པ་མཚོན་གྱི་ཡོད་པ་དང་། དེས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཐོག་བོད་མི་རྣམས་ལ་སེམས་ཤུགས་སྤར་ངེས་ཡིན་སྐོར་དང་། འཛམ་གླིང་གནམ་གཤིས་འགྱུར་ལྡོག་ཐོག་བོད་ཀྱི་ཁོར་ཡུག་གི་གལ་གནད་དང་། དེ་བཞིན་ཕ་རན་སི་གྲོས་ཚོགས་འཐུས་མི་རྣམ་པས་ཕ་རན་སི་གཞུང་ལ་འབོད་སྐུལ་གནང་སྟེ། བོད་ཀྱི་ཁོར་ཡུག་གི་གལ་གནད་ཐོག་ཞིབ་འཇུག་གི་སྙན་ཐོ་ཞིག་འདོན་ཐབས་ཡོང་སྐོར། བོད་ནང་བྱིས་པ་སྟོང་ཕྲག་མང་པོ་རྒྱ་ནག་དམར་གཞུང་གི་བཅའ་སྡོད་སློབ་གྲྭའི་ནང་བཙན་ཤེད་ཐོག་སློབ་འཇུག་བྱེད་བཅུག་སྟེ། བོད་རིགས་རྣམས་རྒྱ་རིགས་སུ་བསྒྱུར་ཐབས་སོགས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་སོགས་ཀྱི་ཐོག་གསུངས་གནང་བ་མ་ཟད། བོད་ཀྱི་གནད་དོན་དེ་བཞིན་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་མིན་པར། རྒྱལ་སྤྱིའི་གནད་དོན་ཞིག་ལ་ངོས་འཛིན་དགོས་སྐོར་སོགས་གསུངས་སོང་།

ཕ་རན་སི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཇེ་ཁེ་ལེན་ ཨུ་ས་ཊ་ཆི་ བྷི་རི་ནའོ་ (Jacqueline Eustache-Brinio) མཆོག་གིས་ད་རེས་བོད་མིའི་སྒྲིག་འཛུགས་སུ་ཕེབས་དགོས་དོན་སྐོར་དང་། དེ་བཞིན་ཁོང་གིས་ཕ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཐོག་ནས། ཉེ་ཆར་ཕ་རན་སིའི་སྲིད་འཛིན་སྐུ་ཞབས་ཨེམ་མེ་ནུལ་ མེ་ཁི་རོན་ (Emmanuel Macron) མཆོག་རྒྱ་ནག་ལ་གཞུང་འབྲེལ་གཟིགས་སྐོར་མ་ཕེབས་གོང་། རྒྱ་ནག་གཞུང་གིས་བོད་ནང་བོད་པའི་སློབ་ཕྲུག་རྣམས་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་ཏུ་བཏང་དང་གཏོང་བཞིན་པའི་སྐོར་དང་། བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་ཐབས། མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གལ་གནད་སོགས་ཀྱི་སྐོར་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་གནང་ཡོད་པའི་སྐོར་སོགས་གསུངས་པ་དང་། ཁོང་རྣམ་པས་གྲོས་ཚོགས་གོང་མའི་ནང་མུ་མཐུད་བོད་དོན་ཐོག་གླེང་སློང་གནང་རྒྱུའི་ཞལ་བཞེས་གནང་རྗེས། བོད་མི་མང་སྤྱི་འཐུས་རྣམ་པ་དང་། ཁོང་རྣམ་པའི་དབར་ཕན་ཚུན་བོད་དོན་སྐོར་དྲི་བ་དྲིས་ལན་དང་། དགོངས་ཚུལ་བརྗེ་ལེན་གནང་སོང་།

ཕ་རན་སི་བོད་ཀྱི་འབྲེལ་མཐུད་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་འཇིགས་མེད་རྡོ་རྗེ་ལགས་མཉམ་བཅར་ཞུས་གནང་ཡོད་པ་བཅས། །